གསུམ་བཅུའི་དུས་དྲན་ཐེངས་༦༧ པ་བཞུགས་སྒར་དུ་འཚོགས་སོང་།
ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༠ ཉིན། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༧ པའི་གཞུང་འབྲེལ་མཛད་སྒོའི་ཐོག་ཏུ། སྐུ་མགྲོན་གཙོ་བོ་ཇར་མ་ནི་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཀལ་བྷ་རན་ཌི་(Michael Karl Brand)དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་(Senator Jiri Oberfalzer)ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས། (Prof.Dr.Hans-Gert-Pottering)དེ་བཞིན་དམིགས་བསལ་སྐུ་མགྲོན་དུ་རྒྱ་གར་དང་ཨ་རི། ཇར་མན་སོགས་དང་། ཨོ་གླིང་། ཅེག་སྤྱི་མཐུན་རྒྱལ་ཁབ་སོགས་ནས་གྲོས་ཚོས་འཐུས་མི་དང་གསར་འགོད་པ། བོད་དོན་རྒྱབ་སྐྱོར་བ་སོགས་ཕེབས་ནས་གསུང་བཤད་གནང་སོང་། མཛད་སྒོའི་ཐོག་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བཀའ་ཤག་གིས་བོད་ནང་གི་ད་ལྟའི་གནས་སྟངས་དང་འབྲེལ་བའི་སྐོར་བརྗོད་དོན་ལ།

བོད་ཕྲུག་ས་ཡ་གཅིག་ལྷག་མི་སེར་སྤེལ་ཡུལ་རིང་ལུགས་པའི་གཏན་འཇགས་སློབ་གྲྭའི་ནང་བཅུག་སྟེ། བོད་ཀྱི་སྐད་ཡིག་རིག་གཞུང་སློབ་ཁྲིད་ཚོད་འཛིན་དང་དམར་པོའི་ལྟ་སྤྱོད་ཀྱིས་ཀླད་པ་ཁྲུས་བཤལ་བྱེད་བཞིན་པ་དེར། མཉམ་འབྲེལ་རྒྱལ་ཚོགས་དང་། ཨ་རིའི་གཞུང་། ཡུ་རོབ་གྲོས་ཚོགས། རྒྱལ་སྤྱིའི་ཞིབ་འཇུག་སྡེ་ཁག་སོགས་ནས་མི་རིགས་བཙན་བསྒྱུར་དང་། མ་ལག་ལྡན་པའི་ཐོག་ནས་རིག་གཞུང་ངོ་རྟགས་རྩ་གཏོར་ཡིན་པར་ངོས་འཛིན་གནང་ཡོད་པ་དང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་ཚོགས་ཆུང་གི་སྙན་ཐོ་༢༠༢༦ ཟླ་༡ ཚེས་༢༢ ཉིན་བཏོན་པའི་ནང་། “ལས་རིགས་སྦྱོང་བརྡར་དང་། ངལ་རྩོལ་ནུས་ཤུགས་སྤོ་སྐྱེལ་”སོགས་ལས་གཞི་འདྲ་མིན་བརྒྱུད། གཞི་རྒྱ་ཆེ་བའི་སྒོ་ནས་བོད་ཀྱི་རོང་པ་དང་འབྲོག་པ་རྣམས་གཞིས་སྤོ་དང་ངལ་རྩོལ་བཙན་སྐུལ་བྱེད་བཞིན་པའི་སྐོར་ལ་”ཕྱི་ལོ་༢༠༠༠ ནས་༢༠༢༥ བར་བོད་མི་ས་ཡ་གསུམ་དང་སུམ་འབུམ་དྲུག་ཁྲི་ལྷག་ལ་སྲིད་གཞུང་གི་ལས་འཆར་དེའི་ཤུགས་རྐྱེན་ཐེབས་ཡོད་”ཅེས་དང་། (ས་གནས་ལ་ལར་) “བཙན་ཤེད་ཀྱི་བྱེད་ཐབས་གདུག་རྩུབ་ཧ་ཅང་ཆེ་བས། བཙན་དབང་གིས་གཞིས་སྤོའམ། འགྲོ་བ་མིའི་རིགས་ལ་རྒོལ་བའི་ཉེས་སྤྱོད་ཆགས་སྲིད་ཅེས་བཀོད་འདུག་པས། བོད་རིགས་མི་འབོར་སྤྱི་བསྡོམས་ཀྱི་ཕྱེད་ཀ་མ་ཟིན་ཙམ་ལ་ཤུགས་རྐྱེན་ཐེབས་ཡོད།
རྒྱ་གཞུང་གིས་”བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན།”ཟེར་བའི་སྲིད་ཇུས་ལག་བསྟར་བྱེད་སྟངས་སྐོར་ལ། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྔ་ལོའི་སྙན་ཐོའི་ནང་། “མ་ལག་ལྡན་པའི་གཉའ་གནོན་བྱེད་སྟངས་དེ་རིགས་ནི་རིག་གཞུང་རྩ་གཏོར་གྱི་ངེས་ཚིག་དང་ཡོངས་སུ་མཐུན་ཡོད།”ཅེས་གསལ་ཡོད་པ།
དེང་སང་རྒྱ་གཞུང་གིས་སྔར་ལྷག་རྩ་ཁྲིམས་འགྲེལ་ལོག་དང། འཛིན་སྐྱོང་བཀོད་ཁྱབ་དང་དམའ་རིམ་ཁྲིམས་སྲོལ་བརྒྱུད་རྒྱ་ནག་གི་རྩ་ཁྲིམས་དང་། མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ཡིག་བཅས་སུ་མི་རིགས་ཀྱི་ཐོབ་ཐང་འགན་ལེན་བྱས་པ་རྣམས་ཉམས་དམས་སམ། ཕྱིར་བསྡུ་བྱེད་ཐབས་གསར་པ་ཡོངས་ཁྱབ་ཏུ་ལག་བསྟར་བྱེད་བཞིན་ཡོད།
གོ་ལ་ཧྲིལ་པོའི་ཚ་དྲོད་འཕར་བཞིན་པའི་ཐོག །རྒྱ་གཞུང་གི་སྨྱོ་ཧམ་ཆེ་བའི་གཞི་རིམ་སྒྲིག་བཀོད་འཛུགས་སྐྲུན་དང་། གཞི་རྒྱ་ཆེ་བའི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཁག་གིས་བོད་མཐོ་སྒང་གི་ཚ་དྲོད་འཕར་ཚད་དེ་རྒྱལ་སྤྱིའི་ཆ་སྙོམས་ཚད་གཞི་ལས་ལྡབ་གསུམ་མང་བ་ཆགས་ཡོད་པ་དང་། སྔ་ལོར་འགོ་འཛུགས་ཟིན་པའི་མེ་ཏོག་ཆུ་མཛོད་ལས་གཞི་དང་། རྒྱུག་ཆུ་ཆེ་འབྲིང་གི་ཆུ་གློག་ལས་གཞི་དང་ཆབས་ཅིག གཞི་རྒྱ་ཆེ་བའི་རི་ཀླུང་རྣམས་སུ་ཉི་གློག་པང་ལེབ་ཀྱིས་བཏུམས་པས། བོད་ས་མཐོའི་འབྱུང་ཁམས་མ་ལག་ལ་གཏོར་སྐྱོན་ཙམ་དུ་མ་ཟད། གླིང་ཆེན་ཨེ་ཤི་ཡའི་ཆུའི་ཐོན་ཁུངས་བདེ་འཇགས་ལ་ཐད་ཀར་ཉེན་ཁ་བཟོས་དང་བཟོ་བཞིན་ཡོད་ལ། ལས་གཞི་དེ་དག་དང་མཉམ་དུ་རྒྱ་རིགས་ས་ཡ་དུ་མ་བོད་ཁུལ་དུ་གཞིས་ཆགས་རྒྱུ་དང་། ལས་གཞི་དེ་དག་གིས་བཙན་འདེད་བྱས་པའི་བོད་མི་རྣམས་རྒྱ་གཞུང་གིས་བཀོད་སྒྲིག་བྱ་ཡུལ་གསར་པར་མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་ལ་ཉེན་ཁ་དང་། འཚོ་རྟེན་ཕུགས་འཕེར་གྱི་དཀའ་ངལ་སྣེ་འཛིང་ནས་ཡོང་རྒྱུར་ཐེ་ཚོམ་མེད་སོགས་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱངས་གནང་སོང་།
དེ་བཞིན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་དོན་དམ་པ་བོད་མི་རིགས་ཀྱི་དགོས་མཁོ་དང་བསྟུན་པའི་སྲིད་བྱུས་ཡང་དག་པ་ཞིག་ད་བར་ལག་ལེན་དུ་མ་བསྟར་བ་མ་ཟད། དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ཁོ་ན་བཟུང་བར་བརྟེན། བོད་ཀྱི་མི་རབས་གསར་རྙིང་བརྗེས་མིན་ལ་མ་ལྟོས་པར་ཕྱི་ལོ་༡༩༨༧ ནས་ངོ་རྒོལ་རིམ་པ་སྤེལ་ཅིང་། ལྷག་པར་དུ་ཕྱི་ལོ་༢༠༠༨ ལོར་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ནས་ས་བྱི་ཞི་རྒོལ་ཆེན་མོ་དང་། ཕྱི་ལོ་༢༠༠༩ ནས་ད་བར་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་བོད་ནང་བོད་མི་གྲངས་༡༥༧ ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་ལས་འགུལ་སྤེལ་བ་སོགས་ད་བར་མཚམས་ཆད་མྱོང་མེད་ཅིང་། བོད་རིགས་ཀྱི་བློས་གཏོང་འདི་རྣམས་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་ཤེས་དགོས་པ་གལ་ཆེ་ཞིག་ཆགས་ཡོད་ཅེས་དང་།
ད་ལྟའི་བོད་ནང་གི་གནས་སྟངས་ནི། བོད་མི་རྣམས་ནས་སོ་སོའི་སྐད་ཡིག་དང་། ཆོས། རིག་གཞུང་། ཁོར་ཡུག སྒྱུ་རྩལ་སོགས་ཀྱི་བྱེད་སྒོ་ཙམ་ཡང་སྤེལ་མི་ཆོག་པར་རྒྱ་ནག་གཞུང་གིས་གང་བྱུང་འཛིན་བཟུང་བཙན་འཁྲིད་དང་། བོད་མི་རྣམས་སོ་སོའི་ལུང་པའི་ནང་འགྲོ་འདུག་སྤྱོད་གསུམ་གྱི་འགྲོ་བ་མིའི་གཞི་རྩའི་རང་དབང་དང་ཐོབ་ཐང་ལོངས་སྤྱོད་ཐུབ་ཀྱི་མེད་པའི་གནས་སྟངས་གསལ་པོ་གྱུར་ཞིང་། ཕྱི་ལོ་༢༠༢༥ ལོར་ཨ་རིའི་རང་དབང་ཁང་པས་བཏོན་གནང་བའི་འཛམ་གླིང་ནང་གི་རང་དབང་ཞེས་པའི་གོ་ལ་ཡོངས་ཀྱི་ཆབ་སྲིད་རང་དབང་དང་མི་སེར་རང་དབང་གི་སྙན་ཐོའི་ནང་། བོད་དེ་མུ་མཐུད་དེ་རང་དབང་ཆེས་མེད་པ་ཞིག་ལ་ངོས་འཛིན་བྱས་ཡོད། དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཕྱི་ལོ་༢༠༢༥ ཟླ་༨ ཚེས་༡༣ ཉིན་བཏོན་པའི་སྙན་ཐོ་སོགས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྐོར་འཁོད་ཡོད་ཅིང་། དེའི་ནང་དུ་ཁྲིམས་མཐུན་མ་ཡིན་པའི་བཙོན་འཇུག་བྱེད་པ་དང་། ཆོས་དད་རང་དབང་ལ་དམ་བསྒྲགས། ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་རྣམས་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བཅས་བོད་མིའི་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་འཁོད་ཡོད། དེ་ལྟར་རྒྱ་ནག་གཞུང་གིས་བོད་ནང་ཆབ་སྲིད་ཀྱི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་དང་། མི་རིགས་ཀྱི་རང་དབང་རྣམས་ཉམས་དམས་སུ་གཏོང་ཞིང་། བོད་ཀྱི་སྐད་ཡིག་དང་། ཆོས་ལུགས་སོགས་ཡུལ་གོམས་གཤིས་ལུགས་ལ་ཉམས་ཆག འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང་བརྡལ་བཤིག རང་བྱུང་ཁོར་ཡུག་ལ་གནོད་ཚབས་གཏོང་བཞིན་པ་སོགས་ཀྱི་ཛ་དྲག་གི་གནས་ཚུལ་མུ་མཐུད་བྱུང་དང་འབྱུང་བཞིན་པ་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པའི་རྒྱ་ནག་གཞུང་ལ་ནན་བཤད་བྱ་རྒྱུ་ཡིན།
དེང་གི་འཛམ་གླིང་ནང་དུས་རབས་གསར་པ་(New Era)ཞིག་ཏུ་གྱུར་བའི་ཛ་དྲག་གི་དུས་སྐབས་འདིར། བོད་མིའི་གནས་སྟངས་ཀྱང་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་འཇིགས་ཉེའི་མཚམས་སུ་སྐྱབས་ཐུབ་དགོས་པ་ད་ལྟའི་མི་རབས་འདིའི་ལས་འགན་གལ་ཆེ་ཤོས་ཤིག་ཆགས་ཡོད་ན། བོད་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག རིག་གཞུང་སྲུང་སྐྱོབ་དང་། བོད་ཀྱི་རྩ་དོན་འཐབ་རྩོད་ལ་འོས་འགན་ཆེ་ཙམ་བཞེས་གནང་དགོས་པའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན་སོགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱང་གནང་སོང་།
དེ་རིང་གི་མཛད་སྒོའི་ཐོག་ཉེ་ཆར་བཞུགས་སྒར་གངས་ཅན་སྐྱིད་གཤོངས་སུ་འཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་དུ་རྒྱལ་ཁབ་༣༢ ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་༡༠༦ ཙམ་ཕེབས་ཡོད་པ་དང་། ཁོང་རྣམས་དེ་རིང་བོད་མིའི་རང་དབང་སྒེར་ལངས་ཀྱི་མཛད་སྒོ་ཐོག་ཏུ་ཕེབས་འདུག
དེ་རིང་གི་གཞུང་འབྲེལ་མཛད་སྒོ་གྲུབ་རྗེས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་ཡིས་གོ་སྒྲིག་འོག ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམ་ནས་ཀ་ཅ་རི་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་སོང་། སྐབས་དེ་དུས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལྔའི་མཉམ་འབྲེལ་བསྒྲགས་གཏམ་ནང་ད་ལྟའི་བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་བུ་ཕྲུག་ཚོ་དམར་པོའི་ལྟ་བར་བསྒྱུར་ཐབས་དང་རྒྱ་རིགས་བཟོ་ཐབས་སུ་བོད་པའི་ཕྲུ་གུ་སྟོང་ཚོ་མང་པོ་ཞིག་རང་གི་ཕ་མ་དང་སྤུན་མཆེད་ཀྱི་འགྲམ་ནས་བཙན་ཁྲིད་ཀྱིས་བཅའ་སྡོད་སློབ་གྲྭའི་ནང་བཙན་འཇུག་བྱེད་ཀྱི་ཡོད་པ་བརྟེན། གཞུང་མིན་ཚོགས་པ་ཚོས་མཐའ་གཅིག་ཏུ་ངོ་རྒོལ་དང་མཚམས་འཇོག་དགོས་པ་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
