གྷ་རྫའི་དཀའ་རྙོག་གི་གྲོས་བསྡུར་ཐོག་ཨ་རི་དང་དབྱིན་ཇི་སོགས་མཉམ་ཞུགས་བྱས་མི་འདུག
ཟླ་འདིའི་ཚེས་༢༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཧ་མ་སིས་འཛིན་བཟུང་བྱས་པའི་ཨ་རིའི་མི་སེར་གཉིས་གློད་བཀྲོལ་བཏང་ཡོད་པ་དང་། ཨི་སི་རེལ་གྱི་དཀའ་རྙོག་དེའི་ཆེད་དུ་ཨ་རབ་དང་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གི་འགོ་ཁྲིད་ཚོ་ལྷན་འཛོམས་ཀྱིས་གྲོས་བསྡུར་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

ཧ་མ་སིས་ཨི་སི་རེལ་ལ་དཔུང་འཇུག་བྱས་ནས་མི་གྲངས་༡༤༠༠ ལྷག་བསད་ནས་ད་བར་བདུན་ཕྲག་གཉིས་ཕྱིན་ཡོད་འདུག པ་ལི་སི་ཐན་གྱིས་བརྗོད་གསལ་ལྟར་ན། ཨི་སི་རེལ་གྱིས་འཁོན་ལན་བསློགས་ནས་ད་བར་གྷ་རྫ་ལ་མི་གྲངས་༤༠༠༠ ལྷག་བསད་ཡོད་འདུག
གསར་འགོད་པ་སྲུང་སྐྱོབ་ཚོགས་ཆུང་གིས་བརྗོད་གསལ་ལྟར་ན། ཟླ་འདིའི་ཚེས་༧ ནས་ད་བར་པ་ལི་སི་ཐན་གྱི་གསར་འགོད་པ་༡༧ དང་ཨི་སི་རེལ་གྱི་གསར་འགོད་པ་༣ དེ་བཞིན་ལེ་བྷ་ནོན་གྱི་གསར་འགོད་པ་༡ བཅས་ཁྱོན་བསྡོམས་གསར་འགོད་པ་༢༡ ལ་སྲོག་སྐྱོན་བྱུང་ཡོད་པ་མ་ཟད། གསར་འགོད་པ་༨ ལ་རྨས་སྐྱོན་ཕོག་ཅིང་གསུམ་ནི་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
ཨི་སི་རེལ་གྱིས་ཧ་མ་སིས་མི་གྲངས་༢༠༠ ཙམ་འཛིན་བཟུང་བྱས་ནས་གཏའ་མི་ལ་ཉར་ཡོད་པ་དང་། མི་དེ་དག་ལས་༢༠ ཙམ་ནི་ཕྲུ་གུ་དང་༡༠ ནས་༢༠ བར་ནི་ལོ་ན་༦༠ བརྒལ་ཟིན་པའི་མི་ཡིན་པར་བརྗོད་ཡོད་འདུག ཧ་མ་སིས་མི་དེ་དག་ནི་གྷ་རྫ་ལ་ཡོད་པའི་ས་བཙན་ས་ཞིག་ལ་ཉར་བཞིན་ཡོད་རབས་བརྗོད་འདུག ཟླ་འདིའི་ཚེས་༢༠ ཉིན་ཧ་མ་སིས་ཨ་རིའི་མི་སེར་ཡིན་པའི་མ་མད་གཉིས་གློད་བཀྲོལ་བཏང་ཡོད་པར་བརྟེན། གྲོས་མོལ་གྱི་ལམ་ནས་གཏའ་མི་མང་ཙམ་གློད་བཀྲོལ་ཡོང་རྒྱུ་ལ་རེ་བ་བྱེད་བཞིན་ཡོད་འདུག
ཡིན་ན་ཡང་། ཨི་སི་རེལ་གྱིས་ཧ་མ་སི་དམག་དཔུང་རྩ་མེད་གཏོང་རྒྱུ་ཁས་ལེན་བྱས་ཤིང་། དམག་མི་སྟོང་ཕྲག་མང་པོ་གྷ་རྫ་ལ་དཔུང་འཇུག་བྱེད་རྒྱུ་སྒུག་བཞིན་ཡོད་འདུག གལ་སྲིད་ཨི་སི་རེལ་གྱིས་གློ་བུར་དུ་གྷ་རྫ་ལ་བཙན་རྒོལ་བྱས་ཚེ། གྲོས་མོལ་གྱི་ལམ་ནས་འཛིན་བཟུང་བྱས་ཡོད་པའི་གཏའ་མི་རྣམས་གློད་བཀྲོལ་ཡོང་ཐབས་བྱེད་མཁན་ཁ་ཐར་(Qatar) ་གཙོས་པའི་བར་ཞུགས་རྒྱལ་ཁབ་མང་པོ་ལ་དཀའ་ངལ་འཕྲད་སྲིད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༡༧ ཉིན་གྱི་མཚན་མོ་གྷ་རྫ་ལ་ཡོད་པའི་སྨན་ཁང་ཞིག་ལ་འབར་རྫས་ཀྱིི་གཏོར་རྒོལ་བྱུང་ནས་སྨན་ཁང་ལ་ཡོད་པའི་མི་གྲངས་༥༠༠ ལྷག་བསད་ཡོད་པར་བརྟེན། ཏུར་ཀི་སོགས་ཨ་རབ་རྒྱལ་ཁབ་མང་པོའི་ནང་མི་མང་གི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་འདུག ཟླ་འདིའི་ཚེས་༡༨ ཉིན་མི་མང་གིས་འཁོན་ལན་སློག་ཡོང་བསམ་པའི་ཞེད་སྣང་འོག་ཨི་སི་རེལ་གྱི་མི་སེར་ཚོ་ཏུར་ཀི་ནས་འཕྲལ་དུ་ཐོན་དགོས་པའི་གསལ་བསྒྲགས་སྤེལ་ཡོད་འདུག་ལ། ད་ལྟའི་ཆར་བདེ་འཇགས་ཀྱི་དོན་དུ་ཏུར་ཀི་དང་ཇོར་ཌན། བྷ་རེན་དང་མོ་རོ་ཀོ་བཅས་ཀྱི་རྒྱལ་ཁབ་ཁག་ལ་ཡོད་པའི་ཨི་སི་རེལ་གྱི་གཞུང་ཚབ་རྣམས་ཕྱིར་འཐེན་བྱས་ཟིན་འདུག
ཟླ་འདིའི་ཚེས་༢༡ ཉིན་པ་ལི་སི་ཐན་གྱི་སྲིད་འཛིན་དང་ཇོར་ཌན་གྱི་རྒྱལ་པོ་ཨ་དྷུ་ལ། ཡུ་རོབ་མཐུན་ཚོགས་ཀྱི་སྲིད་འཛིན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སོགས་མཉམ་འཛོམས་ཀྱིས་ལྷན་ཚོགས་ཤིག་ཨི་ཇིབ་ཏུ་བསྐོངས་ནས་གྷ་རྫའི་ནང་གི་དཀའ་རྙོག་ཐོག་གྲོས་བསྡུར་བྱེད་རྒྱུ་ཡིན་རུང་། ཨ་རི་དང་དབྱིན་ཇི། འཇར་མན་སོགས་མཉམ་ཞུགས་བྱས་མེད་པ་མ་ཟད། ཨི་རན་དང་ཨི་སི་རེལ་ཡང་མཉམ་ཞུགས་བྱས་མེད་པས་ལྷན་ཚོགས་དེའི་ཐོག་ནུས་པ་ཐོན་རྒྱུའི་རེ་བ་ཆུང་ངུ་ལས་མེད་པ་རེད་འདུག ཟླ་འདིའི་ཚེས་༢༡ ཉིན་ཨོ་སི་ཁྲོ་ལི་ཡའི་གྲོང་ཁྱེར་སི་ནི(Sydney) ་ལ་མི་མང་༡༥༠༠༠ ལྷག་འཛོམས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག་ལ་ཡེ་མེན་དུ་ཡང་མི་མང་ཁྲི་ཚོ་འཛོམས་ནས་པ་ལི་སི་ཐན་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་འདུག ད་ལྟའི་ཆར་ཨི་སི་རེལ་གྱིས་གྷ་རྫ་ལ་གནམ་རྒོལ་མུ་མཐུད་བྱེད་བཞིན་ཡོད་པ་དང་སྟབས་བསྟུན། འཛམ་གླིང་གང་སར་པ་ལི་སི་ཐན་ལ་རྒྱབ་སྐྱོར་དང་ཨི་སི་རེལ་གྱི་གནམ་རྒོལ་ལ་ངོ་རྒོལ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།
