བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༤༠ ཕྱི་ལོ་ ༢༠༢༠/༠༢/༡༠
དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་༢༠༢༡ ཟླ་༢ ཚེས་༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་འགྲོའི་འོས་འདེམས་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་སོང་། ལོ་འདིར་སྲིད་སྐྱོང་གི་འོས་གཞི་རྣམས་ལ་མཚོན་ན་རྒྱ་ནག་གི་ནད་ཡམས་གདུག་པ་ཅན་དེ་ལ་བརྟེན་ནས་ཡོངས་ཁྱབ་ཀྱི་ཐོག་ནས་ཕྱོགས་བསྐྱོད་དང་དྲིལ་བསྒྲགས་བྱ་རྒྱུའི་གོ་སྐབས་ཐོབ་མེད་ཀྱང་། མི་མང་གི་ངོས་ནས་དོ་སྣང་ཆེན་པོ་གནང་ཡོད་པའི་རྣམ་འགྱུར་གསལ་པོ་ཆགས་འདུག མང་གཙོའི་སྤྱི་ཚོགས་ཀྱི་ཁོར་ཡུག་ནང་འོས་བསྡུའི་སྐབས་རྩོད་རྙོག་ཆེ་ཆུང་མང་པོ་ཞིག་ཡོང་གི་ཡོད་པ་ནི་ཆོས་ཉིད་ལྟ་བུ་ཡིན་ཞིང་། གང་དུ་མང་གཙོའི་ལམ་ལུགས་ཀྱི་འོས་བསྡུའི་ནང་ཁ་གཏད་དང་འགྲན་རྩོད་ཀྱི་རྣམ་པ་མེད་ན། སྤྱི་ཚོགས་དེའི་མང་གཙོ་དང་རང་དབང་གི་ཁོར་ཡུག་དོག་དྲགས་ནས་མི་མང་གི་བསམ་ཚུལ་འདོན་ཡུལ་མེད་པའམ། ཡང་ན་གཞུང་དེས་མི་མང་གི་འདོད་པ་སྐོང་ཐུབ་པའི་ནུས་པ་གང་ཡང་མེད་པའི་མངོན་རྟགས་གསལ་པོ་ཞིག་ཏུ་ངོས་འཛིན་བྱེད་ཆོག
འོན་ཀྱང་རང་དབང་རང་བཙན་ཅན་གྱི་རྒྱལ་ཁབ་ཁག་དང་མི་འདྲ་བར་བཙན་བྱོལ་སྤྱི་ཚོགས་ཤིག་གི་ངོས་ནས་བཤད་ན་འོས་བསྡུའི་སྐབས་ཀྱི་འགྲན་རྩོད་དང་། ཁ་གཏད་ཀྱི་རྣམ་འགྱུར་དག་མང་གཙོའི་གོམས་གཤིས་དང་ལེགས་བྱང་གིས་མ་འདང་བར་མུ་མཐུད་སྤྱི་ཚོགས་ཀྱི་འགལ་ཟླ་ཞིག་ཏུ་གྱུར་སོང་ན། བཙན་བྱོལ་གཞུང་ཞིག་འཐོར་ཞིག་གམ། ནུས་མེད་དུ་འགྱུར་རྒྱུའི་ཉེན་ཁ་ཆེན་པོ་རེད། དེར་བརྟེན་སྐྱབས་བཅོལ་བ་དང་འཐབ་རྩོད་པ་ཞིག་ཡིན་པ་བསམ་བློའི་གཞི་རྩར་བཞག་ཅིང་། རང་དབང་མང་གཙོའི་ཁེ་ཕན་དང་དགེ་མཚན་ཡང་མཐོང་ཐུབ་པའི་ཐོག་ནས་ཁ་ཕྱོགས་ཤིག་འཚོལ་མ་ཐུབ་པར། ཨ་རི་དང་རྒྱ་གར་གྱི་འོས་བསྡུའི་ལམ་ལུགས་ལ་དཔེ་བལྟ་རྒྱུ་མང་དྲགས་ན། སྟག་མཆོངས་སར་ཝ་མཆོངས་མི་ཐུབ་པའི་དཀའ་ངལ་ཡོད་པའང་སྨྲོས་མེད་རེད། བཙན་བྱོལ་བོད་མི་རྣམས་ལ་མཚོན་ན་༧གོང་ས་མཆོག་གིས་གསོལ་སྩལ་མཛད་པའི་མང་གཙོའི་ལམ་ལུགས་དེ། མ་འོངས་པར་སྒྲིག་འཛུགས་དང་སྤྱི་ཚོགས་བརྟན་གནས་ཀྱི་གཞི་རྩ་གཙོ་བོ་ཞིག་ཏུ་གྱུར་ཡོད་པས་གཅེས་སྤྲས་ངེས་པར་དུ་བྱེད་དགོས་པ་ཞིག་རེད།
བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ལ་བལྟས་ན། མི་མང་གི་ངོས་ནས་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་ནང་སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལ་འོས་གྲངས་༢༣༧༦༢ དང་། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལ་འོས་གྲངས་༡༤༠༣༡ ཐོབ་ནས་ཨང་དང་པོ་དང་གཉིས་པ་ཆགས་ཡོད། སྐབས་འདིར་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་གཞིའི་ནང་གཉིས་ལས་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་ཟིན་པས། དགོངས་པ་ཞུ་བ་སོགས་གནས་སྟངས་ལ་འགྱུར་བ་ཆེན་པོ་ཞིག་མ་སོང་ན། དངོས་གཞིའི་འོས་འགྲན་པ་ཁོང་གཉིས་གཏན་འཁེལ་བྱུང་བ་རེད། ད་ལོ་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་སྤྱི་དང་གཙོ་བོ་སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་གི་འོས་བསྡུའི་གྲུབ་འབྲས་ལ་བལྟས་ན། ཆབ་སྲིད་མི་སྣ་རྣམས་ཀྱི་བཀོད་པ་དང་ལམ་སྟོན་ལ་མི་མང་གིས་ཉན་འཇོག་བྱས་མེད་པ་མ་ཟད། གནས་སྟངས་ཁ་ཤས་ཀྱི་ཐོག་ནས་བལྟས་ན་དེའི་ཟློག་ཕྱོགས་ནས་བསམ་བློ་གཏོང་གི་ཡོད་པའི་རྣམ་པའང་ཆེན་པོ་མཐོང་རྒྱུ་ཡོད།
སྔོན་མ་ཆོལ་ཁ་དང་ཚོགས་པ་ཁག་གིས་འོས་གཞི་འདོན་བཞིན་ཡོད་པ་དང་། བཙན་བྱོལ་ནང་གི་མི་འབོར་མང་ཤོས་དབུས་གཙང་ཆོལ་ཁས་ཕྱི་ལོ་༢༠༡༡ ལོའི་འོས་བསྡུའི་སྐབས་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་རྒྱབ་སྐྱོར་དང་། ༢༠༡༦ ལོར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱས་ཡོད་ཀྱང་། དབུས་གཙང་མི་མང་གིས་དེ་ལས་ཟློག་སྟེ་འབུམ་རམས་པ་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཚད་མཐོ་བྱས་ཡོད། འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་སོང་ནས་ལོ་འདིར་ཆོལ་ཁ་དང་ཚོགས་པ་ཁག་གིས་འོས་གཞི་འདོན་མི་ཆོག་ནའང་། དབུས་གཙང་གི་ཆབ་སྲིད་མི་སྣ་དང་། གཞུང་ཞབས་ཟུར་པ། ཁྲིམས་ཞིབ་པ་ཟུར་པ་དང་། ཆབ་སྲིད་བཙོན་ཟུར་སོགས་མང་པོ་ཞིག་གིས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལ་རྒྱབ་སྐྱོར་བྱས་སོང་ནའང་། དབུས་གཙང་མི་མང་གིས་དེ་ལས་ཟློག་ནས་སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་ཚད་མཐོན་པོ་བྱས་འདུག་པ་འདིའི་ཐོག་ནས་བལྟས་ན། མི་མང་གིས་ཆབ་སྲིད་པའི་ལམ་སྟོན་དང་བཀའ་བཀོད་ལ་ཉན་གྱི་མེད་པ་སླར་ཡང་གསལ་སྟོན་བྱས་འདུག
མདོར་ན་མི་མང་གི་ངོས་ནས་ཆབ་སྲིད་པས་ཁ་ཕྱོགས་བསྟན་པར་ཉན་འཇོག་མི་བྱེད་པ་ནི། མི་མང་གི་རང་ཚུགས་དང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་མ་འོངས་པའི་རེ་བ་ཞིག་ཏུ་ངོས་འཛིན་བྱེད་ཆོག་ཀྱང་། འོས་བསྡུའི་སྒྲིག་གཞི་དང་འགལ་བའི་ཐོག་ནས་ལ་དྭགས་སོགས་ས་གནས་ཁ་ཤས་སུ་སྲིད་སྐྱོང་གི་འོས་མི་རེ་ཟུང་གི་སྐད་ཆ་དང་། ༧གོང་ས་མཆོག་གིས་ལོ་མང་སྔོན་གནང་བའི་བཀའ་སློབ་བཅད་གཏུབ་མཐུད་སྒྲིག་བྱས་པ་ཙམ་འགྲེམས་སྤེལ་བྱས་པས་ཤུགས་རྐྱེན་ཐེབས་ཡོད་འདུག་ལ། འོས་བསྡུའི་ལས་བྱེད་རེ་ཟུང་གིས་ཡིག་རྨོངས་པར་རོགས་པ་བྱེད་ཁུལ་གྱིས་གཡོ་སྒྱུ་བྱས་པ་སོགས་ནི། ད་དུང་མི་མང་གི་བསམ་བློའི་གོ་རྟོགས་ཀྱིས་མ་འདང་པ་ཞིག་ཏུ་གྱུར་ཡོད། གནས་ཚུལ་འདི་ལྟ་བུ་ལྷགས་སྐབས་སྤྱི་ཚོགས་ནང་རྒྱུ་མ་ཕུ་འདེད་ཀྱིས་ཐག་གཅོད་ནན་པོ་མ་བྱས་ན། རིམ་པས་ཡིན་ཤག་དང་འཆར་ཅན་ལྟ་བུར་འགྱུར་སྲིད་པ་དང་། དམ་དྲག་ཅན་གྱི་ས་ཆ་ཁ་ཤས་སུའང་འོས་བསྡུའི་སྒྲིག་གཞི་དང་མ་བསྟུན་པར་འབྲོག་པས་གྲོ་མ་རྐོ་བ་ལྟ་བུའི་བྱེད་སྟངས་འདི་ནི་མ་འོངས་པར་རྩོད་རྙོག་གི་གཞི་རྩ་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད་སྙམ།།