ཉམས་ཞིབ་ཀྱི་ལམ་ནས་མ་འགྲིག་པ་རྣམས་འགྲིག་པ་ཡོང་བའི་ཐབས་ལམ་བཙལ་དགོས།
བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག དྷ་སའི་ཉེ་འཁྲིས་སུ་ཡོད་པའི་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གཉིས་པ་“བོད་དང་བོད་མི། དཀའ་ངལ་དང་གདོང་ལེན་”ཞེས་པའི་བརྗོད་གཞིའི་ཐོག་ཉིན་གསུམ་རིང་འཚོགས་རྒྱུ་ཡིན་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༨ ཉིན་ཚོགས་འདུ་དབུ་འཛུགས་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་དང་། དམིགས་བསལ་སྐུ་མགྲོན་རྒྱ་ནག་གི་སྲིད་ཇུས་ཉམས་ཞིབ་པ་རྒྱ་གར་བ་སྐུ་ཞབས་ཇ་ཡ་ དེ་བ་ ར་ན་ ཌེ། སཱ་ར་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་བཅས་ཀྱིས་དབུས། རྒྱ་གར་གྱི་ས་གནས་ཁག་ནས་ཕེབས་པའི་བོད་ཀྱི་ན་གཞོན་ཉམས་ཞིབ་པ་གཏམ་བཤད་བྱེད་མཁན་༢༩ ཐེ་བའི་ཁྱོན་ཚོགས་བཅར་བ་མི་༦༠ ཡས་མས་འཛོམས་འདུག
མཛད་སྒོའི་ཐོག་མར་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསོད་ནམས་བསྟན་འཛིན་གྱིས་སྣེ་ལེན་གཏམ་བཤད་དང་འབྲེལ་གསུང་དོན་དུ། བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་བརྒྱུད། གོ་ལའི་ཕྱོགས་ཀུན་ན་གནས་པའི་ན་གཞོན་ཉམས་ཞིབ་པ་ཚང་མར་བོད་ཀྱི་རྩ་དོན་སྐོར་ལ་དགོངས་འཆར་གང་ཡོད་པ་རྣམས་ཕྱོགས་གཅིག་ཏུ་སྤུངས་ནས། དེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སླེབས་ཐུབ་པ་བྱེད་རྒྱུར་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གིས་འབད་བརྩོན་བྱེད་ཀྱི་ཡོད་སྐོར་གསུངས་སོང་།
དེ་རྗེས་སྲིད་སྐྱོང་བློ་བཟང་སེང་གེས་ཚོགས་འདུའི་དགོས་དམིགས་དང་འབྲེལ་ནས་གསུང་དོན་དུ། “བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་བཙུགས་ནས་ཚོགས་འདུ་འདི་ལྟ་བུ་བསྐང་བར་འཕྲལ་ཕུགས་རྒྱང་གསུམ་གྱི་དམིགས་ཡུལ་མི་འདྲ་བ་ཡོད་ཀྱང་། ཆུང་ས་ནས་བཤད་ན། བོད་དོན་སྐོར་གྱི་ན་གཞོན་ཉམས་ཞིབ་པ་རྣམས་མཉམ་འཛོམས་ཀྱིས་གོ་བསྡུར་བྱས་ན་ཕན་ཚུན་སེམས་ཤུགས་སྐྱེ་རྒྱུ་དང་། ཉམས་ཞིབ་བྱེད་སྟངས་ཐད་ནས་ཡར་རྒྱས་འགྲོ་བའི་དམིགས་ཡུལ་ཡོད་རེད་ལ། དེ་བཞིན་ཕྱོགས་གཞན་ཞིག་ནས་བཤད་ན། ཉམས་ཞིབ་པ་རྣམས་རིམ་པས་རྒྱ་གར་གྱི་སྤྱི་ཚོགས་སྤྱི་དང་། རྒྱལ་སྤྱིའི་སྤྱི་ཚོགས་བཅས་སུ་ཕེབས་ནས་ལྟ་རྒྱ་སྲིང་ཡ་དང་། དེ་བཞིན་སོ་སོས་བོད་དང་བོད་དོན་གྱི་སྐོར་ལ་ཉམས་ཞིབ་གང་གནང་བ་དེ་རྒྱལ་སྤྱིའི་གནས་ཚད་དང་བསྡུར་ཐུབ་པ་ཡོང་རྒྱུའི་དམིགས་ཡུལ་ཡོད་རེད་”ཅེས་གསུངས་སོང་།
དེ་བཞིན་ཁོང་གིས་“བོད་ཀྱི་ཉམས་ཞིབ་པ་ཚོས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཅིག་འགྲིག་གི་མི་འདུག གཉིས་འགྲིག་གི་མི་འདུག་ཅེས་བརྗོད་ནས་མ་འགྲིག་པ་བརྒྱ་དང་བརྒྱད་ཐོག ཡང་བསྐྱར་མ་འགྲིག་པ་གཅིག་བསྣན་ནས་མ་འགྲིག་པ་བརྒྱ་དང་དགུ་བཟོས་པ་ལྟ་བུ་གཅིག་པུ་མིན་པར། ཉམས་ཞིབ་ཀྱི་ལམ་ནས་མ་འགྲིག་པ་རྣམས་འགྲིག་པ་ཡོང་བའི་ཐབས་ལམ་བཙལ་ནས་དབུས་བོད་མིའི་སྒྲིག་འཛུགས་ལ་ཕུལ་དགོས་རེད་”ཅེས་གནད་དོན་དེ་ཚོ་བོད་ཀྱི་ཉམས་ཞིབ་པའི་འགན་ཡིན་སྐོར་གསུངས་སོང་།
ཡང་ཁོང་གིས་སྐྱབས་བཅོལ་གྱི་གནས་སྟངས་དང་འབྲེལ་ནས་གསུང་དོན་དུ།“སྤྱི་ཡོངས་ནས་སྐྱབས་བཅོལ་བ་ས་ཡ་༦༠ ཙམ་གྱི་དཀྱིལ་ནས་ང་ཚོ་ཚགས་ཚུད་ཤོས་ཤིག་ཡིན་ཡང་། ང་ཚོ་སྐྱབས་བཅོལ་བྱས་ནས་འདུག་རྒྱུ་མིན་པས་དེར་དགའ་རྒྱུ་གང་ཡང་མི་འདུག ཡག་ཤོས་ཡིན་པ་དེ་ཡང་སྐྱབས་བཅོལ་བའི་དཀྱིལ་ནས་ཡིན་པ་ལས་རྒྱལ་ཁབ་ཡོད་མཁན་དང་། རང་སྐྱོང་ཡོད་མཁན་ཁྲོད་ནས་མིན་དུས། དེར་དགའ་དགོས་རྒྱུ་གང་མི་འདུག གཞི་རྩའི་ང་ཚོས་འཇོན་པ་དེ་ཡག་པོ་ཞེ་དྲག་རེད་དེ། དེ་མི་ཐོག་རྒན་པ་རྣམས་ཀྱིས་འཇོན་བཞག་པ་རེད་མ་གཏོགས་མི་ཐོག་གསར་པ་རྣམས་ཀྱིས་གཞི་ནས་འགན་འཁུར་ནས་ལས་དོན་བསྒྲུབ་རྒྱུ་ལྷག་ཡོད་རེད་”གསུངས་སོང་།
ད་ཐེངས་ཀྱི་ཉམས་ཞིབ་པ་རྣམས་ལ་རེ་སྐུལ་གྱི་ཚུལ་དུ་ཁོང་གིས་གསུང་དོན་དུ། “བསམ་ཚུལ་སོགས་འདྲ་མིན་སྣ་ཚོགས་ཡོང་དགོས་པའི་མང་གཙོ་དང་། ཆིག་སྒྲིལ་དགོས་པའི་བཙན་བྱོལ་གཉིས་ཕྱོགས་གཅིག་ནས་འགལ་ཟླ་ཆགས་ཀྱི་ཡོད་ཀྱང་། ང་ཚོ་དེ་གཉིས་ཀའི་ཐོག་ནས་འགྲོ་ཡི་ཡོད་པས། ང་ཚོའི་མང་གཙོའི་ས་མཚམས་གང་དུ་འཇོག་དགོས་མིན་གྱི་ཐོག་ལ་ཁྱེད་རྣམ་པས་ཞིབ་འཇུག་གནང་རོགས།”ཞེས་དང་། “རྒྱ་ནག་གི་སྲིད་ཇུས་གནག་པོ་རེད་ཅེས་བརྗོད་པ་ཙམ་གྱིས་མི་ཕན་པར། འཕྲལ་ཕུགས་རྒྱང་གསུམ་ཐོག་དམིགས་ཡུལ་དང་འཆར་གཞི་ག་རེ་ཡོད་མེད་ཤེས་པ་བྱེད་དགོས་རེད་”ཅེས་སོགས་ཀྱང་གསུངས་སོང་།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།