ཉི་ཧོང་གི་སྲིད་བློན་གྱིས་ཐའེ་ཝན་རྒྱལ་ཁབ་ཀྱི་མིང་ཐོའི་ནང་བཅུག་པར་རྒྱ་ནག་གིས་ངོ་རྒོལ་དྲག་པོ།

ཉི་ཧོང་གི་སྲིད་བློན་གྱིས་ཐའེ་ཝན་འཛམ་གླིང་རྒྱལ་ཁབ་ཁག་གི་མིང་གཞུང་དུ་བཅུག་རྗེས། རྒྱ་ནག་གིས་དེར་རྒོལ་ཤུགས་ཆེན་དང་། ཉི་ཧོང་གིས་ཅིས་ཀྱང་“ཐའེ་ཝན་རང་བཙན་”ཡིན་པའི་འགྲེལ་ལོག་ལ་གསལ་བཤད་དགོས་ཚུལ་བཤད་འདུག

བདུན་འདིའི་རེས་གཟའ་ལྷག་པའི་ཉིན་བསྡུས་པའི་ནད་ཡམས་སྔོན་འགོག་གི་གྲོས་མོལ་ཚོགས་འདུ་ཞིག་གི་ཐོགཉི་ཧོང་གི་སྲིད་བློན་སཱ་གྷ་(Suga Yoshihide)ཡིས་ས་གནས་ཀྱི་ནད་ཡམས་སྔོན་འགོག་ཆེད་དུ་མི་སྒེར་གྱི་ཐོབ་ཐང་ལ་ཚད་བཀག་ནན་པོ་་བྱེད་མཁན་གྱི་རྒྱལ་ཁབ་ཁག་གི་མིང་ཐོའི་ཁྲོད་དུ་ཐའེ་ཝན་ཡང་བཅུག་ཡོད་འདུག་པ་མ་ཟད།རྩ་ཁྲིམས་མང་གཙོ་ཚོགས་པའི་འགོ་ཁྲིད་ཨེ་ཌན-ཡོ་ཁོ་(Edano Yukio)ཡིས་ཐའེ་ཝན་གྱིས་དུས་ཡུན་རིང་པོ་ཞིག་ལ་ནད་ཡམས་བཀག་འགོག་ཐུབ་པར་བསྔགས་བརྗོད་བྱེད་སྐབས། “རྒྱལ་ཁབ་”ཅེས་པའི་ཐ་སྙད་འདི་བེད་སྤྱོད་བྱས་ཡོད་འདུག 

རེས་གཟའ་ཕུར་བུའི་ཉིན་གསར་འགོད་པ་ཚོས་རྒྱ་ནག་ལ་གནད་དོན་དེའི་སྐོར་བསམ་ཚུལ་གང་ཡོད་དྲིས་པར།ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝན་བྷིན་(Wang Wenbin)གྱིས་ཉི་ཧོང་གི་འགོ་ཁྲིད་ཚོས་རྒྱ་ཉིའི་བར་དུ་བཞག་པའི་གྲོས་ཆོད་རྣམས་རྩིས་མེད་རྡོག་རོལ་ཚབས་ཆེན་བཏང་ནས་ཐེངས་མང་པོར་ཐའེ་ཝན་རྒྱལ་ཁབ་ཅིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད་ཅེས་བཤད་ཡོད་འདུག 

རྒྱ་ནག་གི་མགྲིན་ཚབ་པས་ཉི་ཧོང་གི་སྐད་ཆ་དེར་རྒྱ་ནག་ཤིན་ཏུ་མི་དགའ་བར་གྱུར་ཡོད་ཅེས་བཤད་པའི་ཐོགརྒྱ་ནག་གིས་ཉི་ཧོང་ལ་“འཕྲལ་དུ་གསལ་བཤད་བྱས་ཏེ་གཏོར་སྐྱོན་ཚབས་ཆེན་དེ་གསོ་དགོས་པ་དང་།ཕྱིས་སུ་དེ་འདྲའི་གནད་དོན་མི་འབྱུང་བའི་ཁག་ཐེག་བྱེད་དགོས་པའི་”དགོས་འདུན་འདོན་གྱི་ཡོད་ཅེས་བརྗོད་འདུག 

དེ་མིན་ད་དུང་ཁོས་“འཛམ་གླིང་སྟེང་རྒྱ་ནག་གཅིག་ལས་མེད།ཐའེ་ཝན་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་”ཞེས་པའི་པེ་ཅིང་སྲིད་གཞུང་གི་རྒྱུན་ལྡན་གྱི་སྐད་ཆ་དེ་བསྐྱར་དུ་བཟླས་པ་དང་། “ཐའེ་ཝན་གྱི་གནད་དོན་”དེ་རྒྱ་ཉིའི་འབྲེལ་ལམ་གྱི་ཆབ་སྲིད་ཀྱི་རྟེན་གཞི་ཡིན་ཚུལ་ཡང་འགྲེལ་ཡོད་འདུག 

ད་ལྟའི་ཆར་ཨ་རིས་སྣེ་ཁྲིད་པའི་མང་གཙོའི་འཛམ་གླིང་གིས་རྒྱ་ནག་སོ་སོའི་ལམ་ལུགས་དང་ཤུགས་རྐྱེན་ལ་ཉེན་ཁ་ཆེ་ཤོས་བཟོ་མཁན་ཞིག་འགྱུར་བཞིན་པ་མཐོང་གི་ཡོད་པས།རྒྱ་ནག་ལ་དངོས་སུ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་བྱེད་ཀྱིན་ཡོད་པ་མ་ཟད།ཐའེ་ཝན་ནི་གང་ལ་ཐུག་ཀྱང་སྲུང་སྐྱོབ་བྱེད་དགོས་པའི་མཐུན་གྲོགས་གལ་ཆེན་ཞིག་ཏུ་བཟུང་སྟེ་རྒྱ་ནག་གི་ངོ་རྒོལ་ལ་མ་བལྟོས་པར་མངོན་སུམ་འཛེམ་མེད་ངང་འབྲེལ་ལམ་ཟབ་ཏུ་གཏོང་བཞིན་ཡོད།། 

གསར་འགོད་པ་དཀོན་མཆོག་རབ་བརྟན།