ཊོམ་དང་མི་འདྲ་བར་མི་མང་བསྡུ་སྐོང་གིས་འོས་བསྡུ་དྲིལ་བསྒྲགས་ལས་འགུལ་སྤེལ་རྒྱུ་མིན་སྐོར་བརྗོད་འདུག

ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷའི་ཌན་གྱིས། སྨན་པ་ཚོའི་ལམ་སྟོན་ལྟར་མི་མང་བསྡུ་སྐོང་གིས་འོས་བསྡུ་དྲིལ་བསྒྲགས་ལས་འགུལ་སྤེལ་རྒྱུ་མིན་སྐོར་བརྗོད་འདུག དེ་སྔོན་སྲིད་འཛིན་ཊོམ་གྱིས་མི་མང་བསྡུ་སྐོང་གིས་འོས་བསྡུ་དྲིལ་བསྒྲགས་ལས་འགུལ་སྤེལ་ཡོད་ཀྱང་། མི་མང་མཉམ་ཞུགས་ཀྱི་གྲངས་འབོར་དེ་བསམ་ཚོད་ལྟར་བྱུང་མེད་པ་རེད།

ཟླ་༧ པའི་ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷའི་ཌན་(Joe Biden)གྱིས། ཐེངས་འདིའི་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་དེ་ནི་དེང་རབས་ཀྱི་ལོ་རྒྱུས་ཁྲོད་ཆེས་རྒྱུན་ལྡན་དང་མི་འདྲ་བ་ཞིག་ཆགས་ཡོད་པ་དང་། ཏོག་དབྱིབས་ནད་དུག་གི་རྐྱེན་པས་སོ་སོ་སྒེར་ཙམ་མིན་པར་རྒྱལ་ཁབ་ཀྱི་ཆེད་དུ་སྨན་པའི་ལམ་སྟོན་ལ་བརྩི་སྲུང་བྱས་ཏེ། མི་མང་བསྡུ་སྐོང་གིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་རྒྱུ་མིན་སྐོར་བརྗོད་འདུག

ད་ལྟའི་ཆར་དྲ་ཐོག་བསམ་ཤོག་བསྡུ་ལེན་ཁག་གི་གྲུབ་དོན་དུ། སྲིད་འཛིན་འོས་མི་ཇཱོ་བྷའི་ཌན་ལ་རྒྱབ་སྐྱོར་བྱེད་མཁན་ལས་ཁུར་སྲིད་འཛིན་ཊོམ་ལས་མང་བ་ཡོད་འདུག

དེ་སྔོན་ལས་ཁུར་སྲིད་འཛིན་ཊོམ་གྱིས་མི་མང་བསྡུ་སྐོང་གིས་འོས་བསྡུ་དྲིལ་བསྒྲགས་ལས་འགུལ་ཐེངས་དང་པོ་དེ་སྤེལ་ཡོད་ཀྱང་། སྐབས་དེར་བསམ་ཚོད་ལྟར་ཚོགས་ཁང་ནང་དུ་མི་མང་མཉམ་ཞུགས་ཀྱི་གྲངས་འབོར་ལོན་མེད་ཁར། ཚོགས་ཁང་ཕྱི་ལོགས་མི་མང་ཕོན་ཆེན་ཡོང་གི་ཡོད་ཚོད་ཀྱིས་ལས་རིམ་གོ་སྒྲིག་བྱས་ཡོད་ཀྱང་། ལས་འགུལ་གྱི་ཉིན་དེར་ལས་རིམ་དེ་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པ་རེད། ད་ལྟའི་ཆར་སྲིད་འཛིན་ཊོམ་གྱི་འོས་བསྡུ་དྲིལ་བསྒྲགས་རུ་ཁག་གིས་དྲིལ་བསྒྲགས་ལས་རིམ་གསར་པ་གསལ་བསྒྲགས་བྱས་མི་འདུག

སྲིད་འཛིན་འོས་མི་ཇཱོ་བྷའི་ཌན་གྱིས་སྒེར་གྱི་ཁང་པའི་འོག་ཁང་དུ་བརྙན་འཕྲིན་ལས་ཁང་སྟབས་བདེ་ཞིག་བཟོས་ནས། གསར་ཁང་རྣམས་ཀྱི་བཅར་འདྲི་དང་ལེན་བྱེད་ཀྱི་ཡོད་འདུག

དེ་ཡང་ཐོག་མར་ལོ་སྔོན་མར་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་སྡུར་དུ་མཉམ་ཞུགས་བྱེད་མཁན་མི་གྲངས་ཉུང་མཐར་༢༧ བྱུང་འདུག་པ་དང་། རྗེས་སུ་བགྲོ་གླེང་དང་མངའ་སྡེ་ཁག་གི་སྔོན་འགྲོའི་འོས་བསྡུ་ལ་བརྟེན་ནས་འོས་མི་མང་པོ་ཞིག་འགྲན་སྡུར་ནས་ཕྱིར་འཐེན་བྱས་ཡོད་པ་དང་། དཔྱད་བརྗོད་པ་དང་སྲིད་དོན་པ་སོགས་མང་པོ་ཞིག་གིས། ཕྱི་ལོ་༢༠༡༦ ལོའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་བྱས་ཏེ་མཐའ་མ་དེར་ཕྱིར་འཐེན་བྱེད་དགོས་བྱུང་བའི་གྲོས་ཚོགས་གོང་མའི་འཐུས་མི་བྷེར་ནཱི་སན་ཌར་ལ། ཐེངས་འདིའི་འོས་གཞིའི་འགྲན་སྡུར་ལ་རྒྱལ་ཁ་ཐོབ་རྒྱུའི་ཚོད་དཔག་བྱས་ཡོད་ཀྱང་། མང་གཙོ་ཚོགས་པའི་སྔོན་འགྲོ་འོས་བསྡུ་སྐབས་སུ་རྒྱལ་ཁ་ངེས་པར་དུ་ཐོབ་དགོས་པའི་མངའ་སྡེ་ཁག་ཅིག་གི་ནང་། མི་རིགས་ནག་པོ་འོས་འཕེན་པ་མང་པོ་ཞིག་གིས་ཁོང་ལ་རྒྱབ་སྐྱོར་མ་བྱས་པར་སྲིད་འཛིན་གཞོན་ཟུར་བྷཡི་ཌན་ལ་རྒྱབ་སྐྱོར་བྱས་རྐྱེན། ཁོང་ལ་འོས་ཐོབ་ཡོང་བའི་རེ་བ་མེད་པ་ཆགས་པ་དང་། ཟླ་༤ པའི་ཚེས་༨ ཉིན་བྷེར་ནཱི་སན་ཌེར་གྱིས་འགྲན་སྡུར་ནས་ཕྱིར་འཐེན་བྱས་ཏེ། ཨ་རིའི་སྲིད་འཛིན་ཨོ་བྷ་མའི་དུས་ཡུན་སྐབས་ཀྱི་སྲིད་འཛིན་གཞོན་པ་ཇཱོ་བྷའི་ཌན་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཆགས་ཡོད་པ་རེད། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ནི་ལས་ཁུར་སྲིད་འཛིན་ཌོ་ནལ་ཊོམ་གཏན་འཁེལ་ཡིན་པ་རེད་འདུག

ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་དེ་ཟླ་༡༡ པའི་ཚེས་༣ ཉིན་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།