ཐའེ་ཝན་གྱིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་མཉམ་ཞུགས་བྱེད་རྒྱུའི་རེ་བ་བྱེད་བཞིན་འདུག
འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོག་ལ་ཉེ་བ་དང་བསྟུན། ཐའེ་ཝན་གྱིས་དེའི་ནང་ཟུར་ཉན་པའི་ངོ་བོའི་ཐོག་མཉམ་ཞུགས་ཡོང་ཐབས་བྱེད་བཞིན་འདུག་ཀྱང་། ལྷན་ཚོགས་ཀྱི་འགོ་ཁྲིད་ཚོས་ཐའེ་ཝན་སྐད་གཏོང་བའི་དབང་ཚད་དེ་ཁོ་ཚོར་མེད་སྐོར་བརྗོད་བཞིན་འདུག
ཟླ་༥ པའི་ཚེས་༦ ཉིན་ཐའེ་ཝན་གྱི་དུས་བབ་སྟེང་དུ་གནས་ཚུལ་སྤེལ་གསལ། ཟླ་༥ པའི་ཚེས་༡༨ ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་༧༣ པ་དྲ་ཐོག་བརྒྱུད་ནས་འཚོག་འཆར་ཡོད་པ་དང་། ཕྱི་ལོ་༢༠༡༦ ལོ་ནས་བཟུང་ཐའེ་ཝན་གྲོས་ཚོགས་དེར་མཉམ་ཞུགས་བྱེད་པར་སྐད་བཏང་མེད་འདུག
ཉེ་ཆར་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་དང་འབྲེལ་ནས། རྒྱལ་སྤྱིའི་ནང་ནད་དུག་བཀག་འགོག་གི་ལས་གཞི་གྲུབ་འབྲས་ཡག་ཤོས་ཐོན་མཁན་གྲས་སུ་ཐའེ་ཝན་ཡོད་ཁར། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་རྒྱ་ནག་གི་འབྲེལ་བའི་ཐོག་ལ་སྐྱོན་བརྗོད་བྱེད་བཞིན་མང་དུ་འགྲོ་བཞིན་ཡོད་པས། ཐའེ་ཝན་གྱིས་ཀྱང་གོ་སྐབས་དམ་འཛིན་གྱིས་ལྷན་ཚོགས་སུ་ཐའེ་ཝན་དེ་མཉམ་ཞུགས་ཡོང་ཐབས་བྱེད་བཞིན་ཡོད་པ་རེད།
ཚེས་༤ ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཁྲིམས་ལུགས་སྡེ་ཚན་གྱི་གཙོ་འཛིན་སཱོ་ལོ་མོན་གྱིས། ལྷན་ཚོགས་ཀྱི་གྲོས་ཚོགས་ནང་དུ་ཐའེ་ཝན་དེ་ཟུར་ཉན་པར་མཉམ་ཞུགས་བྱེད་མིན་དེ་། ལྷན་ཚོགས་ཀྱི་རྒྱལ་ཁབ་༡༩༤ ལ་དྲི་བ་ཞིག་ཆགས་ཀྱི་ཡོད་པ་ལས། ལྷན་ཚོགས་ཀྱི་དྲུང་ལས་ཁང་ལ་ཐག་གཅོད་བྱེད་པའི་དབང་ཚད་མེད་པ། དེ་བཞིན་ལོ་ངོ་༤༩ ཡི་སྔོན་དུ་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་གཉིས་ཀྱིས། རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་རྒྱ་ནག་གི་ཁྲིམས་མཐུན་སྐུ་ཚབ་གཅིག་པོ་དེ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཡིན་པ་ཐག་གཅོད་བྱས་ཡོད་སྐོར་བརྗོད་འདུག
འོན་ཀྱང་ཁོང་གིས་ཚོགས་མི་རྒྱལ་ཁབ་གཉིས་ཀྱིས་གྲོས་ཚོགས་འཚོག་སྐབས་སུ་གནད་དོན་དེའི་ཐོག་གྲོས་སྡུར་ཡོང་བའི་གྲོས་འཆར་བཏོན་ཡོད་སྐོར་བརྗོད་འདུག་ཀྱང་། རྒྱལ་ཁབ་དེ་གཉིས་མིང་འདོན་བྱས་མི་འདུག ཐའེ་ཝན་ནས་ཀྱང་མཐུན་ཕྱོགས་རྒྱལ་ཁབ་དེ་གཉིས་ལ་ཐུགས་རྗེ་ཆེ་ཞུས་ནས། དུས་ཚོད་རན་པོ་ཞིག་ལ་རྒྱལ་ཁབ་དེ་གཉིས་མིང་འདོན་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
དེ་བཞིན་ཐའེ་ཝན་གྱིས་ཕྱི་ལོ་༢༠༠༩ ནས་༢༠༡༦ བར་ཐའེ་ཝན་དེ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་ཟུར་ཉན་པར་སྐད་བཏང་ཡོད་པ་དང་། དེ་ལྟར་བྱེད་པའི་དབང་ཚད་ནི་ལྷན་ཚོགས་ཀྱི་ཚོགས་གཙོ་ལ་ཡོད་སྐོར་བརྗོད་འདུག
དེ་བཞིན་ད་ལྟའི་ཆར་ཐའེ་ཝན་ཟུར་ཉན་དུ་མཉམ་ཞུགས་བྱེད་པར་སྐད་བཏང་མེད་ཀྱང་། དུས་ཚོད་མཐའ་མ་བར་དུ་ཐབས་ཤེས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
དེ་སྔོན་ཟླ་༢ པའི་ནང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་འདུར། ཐའེ་ཝན་དེ་ཚོགས་མི་མིན་ཡང་ཚོགས་འདུའི་སྐབས་སུ་ཟུར་ཉན་དུ་ཡོང་འཇུག་དགོས་པ་དང་། འཕྲོད་བསྟེན་ལྷན་ཚོགས་ནས་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་ལས་དོན་དང་གནས་ཚུལ་སྤྲོད་ལེན་ཆེད་དུ། ཐའེ་ཝན་གྱི་འཕྲོད་བསྟེན་ལས་ཁུངས་དང་ཐད་ཀར་འབྲེལ་བ་བྱས་ན་ལས་དོན་ཚགས་ཚུད་ཡོང་རྒྱུ་ཡིན་པའི་བསམ་འཆར་བཏོན་མཁན་བྱུང་བས། རྒྱ་ནག་གི་སྐུ་ཚབ་ཀྱིས་བསམ་འཆར་དེ་རིགས་ལ་དགག་བྱ་ཆེན་པོ་བྱས་ཏེ། རྒྱ་ནག་དབུས་གཞུང་གིས་ཐའེ་ཝན་མི་མང་རྣམས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱེད་ཀྱི་ཡོད་པས། གལ་ཆེའི་ལས་དོན་ཆེད་དུ་ཐའེ་ཝན་དང་མཉམ་ལས་བྱེད་ཀྱི་ཡོད་པ། ཐའེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་བདེན་པ་དེ་འགྱུར་བ་གཏོང་ཐབས་བྲལ་བས། འབྲེལ་ཡོད་རྒྱལ་ཁབ་ཚོས་ཐའེ་ཝན་གྱི་གནད་དོན་དེ་ཆེན་པོ་བཟོ་མི་རུང་སྐོར་བརྗོད་ཡོད་འདུག
འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཐའེ་ཝན་དེ་ཚོགས་མི་རྒྱལ་ཁབ་གཅིག་ཏུ་ངོས་འཛིན་བྱེད་ཀྱི་མེད་པས། ཏོག་དབྱིབས་ནད་དུག་དང་འབྲེལ་བའི་ལས་དོན་ཆེད་དུ། ཐད་ཀར་ཐའེ་ཝན་གཞུང་ལ་འབྲེལ་བ་བྱེད་ཀྱི་མེད་ཁར། རྒྱ་ནག་གཞུང་དང་འབྲེལ་བ་བྱེད་ཀྱི་ཡོད་པ་རེད་འདུག དེའི་ཐོག་དེ་སྔོན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་འཛམ་གླིང་ནང་ནད་དུག་འཕོག་པའི་གྲངས་འབོར་བཏོན་སྐབས། ཐའེ་ཝན་ལ་མིང་འདྲ་མིན་བཏགས་པའི་ཐོག་ནས་གྲངས་ཐོ་བཏོན་ཡོད་ཁར། གྲངས་ཐོ་ནོར་བ་བཏོན་པས། ཐའེ་ཝན་གྱིས་རྒྱ་ནག་གཞུང་གིས་ལྷན་ཚོགས་སུ་ཐའེ་ཝན་གྱི་གནས་ཚུལ་ནོར་བ་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་འདུག་ཀྱང་། རྒྱ་ནག་གཞུང་གིས་གནས་ཚུལ་དེ་ནི་ཐའེ་ཝན་ནས་བླངས་པ་ཡིན་པས། ནོར་འཁྲུལ་བྱུང་ཡོད་ན་ཐའེ་ཝན་གྱི་འབྲེལ་ཡོད་ལས་ཁུངས་ནས་ནོར་བ་ཡིན་སྐོར་ལན་འདེབས་བྱས་འདུག
དེ་བཞིན་དེ་སྔོན་རྒྱ་ནག་གི་གཞུང་འབྲེལ་དྲ་ལམ་ཤིན་ཧྭ་ཐོག་ཏུ་རྒྱ་ནག་གི་ཐའེ་ཝན་ལས་དོན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་ནག་མི་མང་ཚང་མ་ཏོག་དབྱིབས་ནད་དུག་ལ་འཐབ་རྒོལ་བྱེད་བཞིན་པའི་སྐབས་སུ། ཐའེ་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པ་དང་ཁ་བྲལ་རིང་ལུགས་པ་ཚོས། ནད་ཡམས་བེད་སྤྱོད་བྱས་ཏེ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ལས་དོན་ཁག་ཏུ་མཉམ་ཞུགས་བྱེད་འཇུག་དགོས་པའི་དགོས་འདུན་བཏོན་ནས། ཐའེ་ཝན་གྱི་རང་བཙན་རྩོད་ཐབས་དང་རྒྱལ་སྤྱིའི་ནང་འགུལ་སྐྱོད་བྱེད་པའི་ས་ཆ་རྒྱ་སྐྱེད་གཏོང་ཐབས་བྱེད་བཞིན་པ་དེ་ནམ་ཡང་གྲུབ་འབྲས་ཐོན་རྒྱུ་མིན་པ་དང་། རྒྱ་ནག་གིས་ཐའེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པའི་ངོ་བོའི་ཐོག་ནས། ནད་དུག་སྔོན་འགོག་དང་སྟངས་འཛིན་བྱེད་ཆེད་ཀྱི་གནས་ཚུལ་རྣམས་ཐོབ་རྒྱུའི་ཆ་རྐྱེན་བསྐྲུན་རྒྱུ་ཡིན་ཡང་། ཐའེ་ཝན་གྱིས་གོ་སྐབས་དེ་བེད་སྤྱད་ནས་རང་བཙན་ནམ་ཡང་རྩོད་འཇུག་རྒྱུ་མིན་སྐོར་དང་། ལས་ཁུངས་དེས་མང་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་ཚོར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་འབྲེལ་ནས། ཆབ་སྲིད་རྩེ་རྒྱུ་འཕྲལ་དུ་མཚམས་འཇོག་བྱེད་པའི་བསླབ་བྱ་བརྒྱབ་ཡོད་སྐོར་བསྒྲགས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
