དགེ་འདུན་པ་ཆོས་མཆོག་ལགས་བཙོན་ཁང་ནས་གློད་གྲོལ་ཐོབ་འདུག 

རྫ་སྨད་དབོན་པོ་དགོན་ནས་ཡིན་པའི་དགེ་འདུན་པ་ཆོས་མཆོག་ལགས་ལོ་གཉིས་ཀྱི་བཙོན་འཇུག་རྗེས་སུ་གློད་གྲོལ་ཐོབ་འདུག 

དེ་ཡང་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་དུ་བཞུགས་པའི་དགེ་འདུན་པ་ཞིག་གིས་བོད་འབྱོར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱུང་བ་ལྟར་ན། རྫ་སྨད་དབོན་པོ་དགོན་གྱི་དགེ་འདུན་པ་ཆོས་མཆོག་ལགས་ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༦ ཉིན་བཙོན་ཁང་ནས་གློད་གྲོལ་ཐོབ་འདུག

ཁོང་ ༢༠༡༧ ཟླ་ ༡༢ ཟླ་མཇུག་ཏུ་དར་ལག་རྫོང་ཐོག་ཏུ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་ཅིང་། འཛིན་བཟུང་མ་བྱས་པའི་སྔོན་དུ་ཁོང་གིས་ ༢༠༡༧ ཟླ་༡༢ ཚེས་༢༣ ཉིན་རྒྱལ་གཅེས་དཔའ་བོ་དཀོན་པེ་ལགས་ཀྱིས་རྔ་བ་ནས་རང་ལུས་མེར་བསྲེགས་བཏང་བའི་པར་ཞིག་སྐད་འཕྲིན་རྒྱབ་ལྗོངས་སུ་བཞག་པའི་མཚན་མོར་གློ་བུར་དུ་བཟུང་སྟེ་ལོ་གཉིས་ལྷག་རིང་བཙོན་འཇུག་བྱས་འདུག 

ད་ལྟའི་ཆར་ཡང་ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གསལ་པོ་དང་། ཁོང་གི་སྐུ་གཟུགས་ཀྱི་གནས་བབས། བཙོན་ཁང་ནས་མནར་གཅོད་ཅི་མྱངས་སོགས་ཀྱི་སྐོར་ཤེས་རྟོགས་བྱུང་ཡོད་མི་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།