མེ་སོར་ཁུལ་དུ་གསུམ་བཅུའི་དུས་དྲན་སྲུང་བརྩི།
ཞོགས་པའི་ཆུ་ཚོད་དགུ་པར་མི་མང་རྣམས་ལྷན་འཛོམས་ཀྱིས་བསང་གསོལ་འཕྲིན་བཅོལ་བྱས་རྗེས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བླངས་པ་དང། འདས་པའི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལུས་སྲོག་དོར་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་མྱ་ངན་ཞུས་རྗེས། ད་ལྟའི་བོད་ནང་གི་ཉེས་མེད་བཙོན་འཇུག་དང་བཀག་ཉར་བྱས་པའི་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་དུས་དྲན་འགོ་བཙུགས་སོང།
གཞིས་ཆགས་སོ་སོའི་ས་གནས་འགོ་འཛིན་གྱིས་རང་གཞུང་བཀའ་ཤག་གི་གཏམ་བཤད་སྒྲོག་སྦྱང་དང་། ༸གོང་ས་མཆོག་གི་གསུང་འཕྲིན་སྒྲོག་སྦྱང་བྱས་རྗེས་མི་མང་གིས་གོམ་བགྲོད་བྱས་ཡོད་པ་རེད། བོད་རང་དབང་རང་བཙན་ཡོངས་སུ་ཤོར་ནས་དུས་རབས་ཕྱེད་ལྷག་ཕྱིན་པའི་དུས་ཡུན་ནང་ཆེས་བརྗེད་པར་དཀའ་བའི་དུས་དྲན་ཉིན་མོ་ནི་༡༩༥༩ ཟླ་༣ པའི་ཚེས་༡༠ དང་། ༢༠༠༨ ལོའི་ཟླ་༣ ཚེས་༡༠ འདི་གཉིས་ཡིན་པ་དང་། ཉིན་མོ་འདི་དག་བོད་མི་རབས་ཚ་རྒྱུད་གང་གི་དུས་སུ་ཡང་བརྗེད་དུ་མེད་པའི་ཡིད་སྐྱོའི་དུས་དྲན་ཞིག་ཡིན་ནའང་། ལྷོ་ཕྱོགས་ཁུལ་ཀྱི་གཞོན་སྐྱེས་སྤྱི་དང་ལྷག་པར་སྦེལ་ཀོབ་ཁུལ་གྱི་ན་གཞོན་དག་ལ་ཉིན་མོ་འདིར་ཚོར་བ་མེད་པ་དང་། ཉིན་མོ་འདི་ཅི་ཡིན་ཙམ་ཡང་མི་ཤེས་མཁན་ཡོད་པས་བོད་མི་རྒན་རབས་པ་ཚོར་སྐྱོ་སྣང་སྟེར་བཞིན་ཡོད་པ་རེད།
གནས་ཚུལ་འདིའི་ཐད་ལ་བསྟན་འཛིན་ཟེར་བའི་རྒད་པོ་ཞིག་གིས་སྐྱོ་སྣང་དང་བཅས་བཤད་དོན། དེ་རིང་གི་ཉིན་མོར་ན་གཞོན་ནི་ཉིན་མོའི་སྐར་མ་ཙམ་རེད། གཞོན་སྐྱེས་ཚོར་ཉིན་མོ་འདིར་ཚོར་སྣང་མི་འདུག་ལ། དུས་དྲན་ལ་མཉམ་ཞུགས་བྱེད་ཀྱི་མི་འདུག་པས་ང་ནི་སེམས་པ་སྐྱོ་བ་དང་། གཞོན་སྐྱེས་ཚོར་རེ་ཐག་ཆད་ཀྱི་འདུག་ཅེས་བརྗོད་སོང་། ད་ཐེངས་གསུམ་བཅུའི་དུས་དྲན་ཐེངས་༥༢ པའི་ཐོག་སྦེལ་ཀོབ་ལུགས་བདེ་གཉིས་ལ་ཆ་བཞག་ན་སྒྲིག་འཛུགས་འོག་ནས་ཡོང་བའི་སློབ་ཕྲུག་ཁག་ཅིག་དང་དགེ་འདུན་པ་ཁ་ཤས་ལས་གཞན་མང་ཆེ་བ་ཨ་མ་རྒན་མོ་དང་། རྒད་པོ་ལོ་ལོན་ཁོ་ན་རེད་ལ་གཞོན་སྐྱེས་རྩེད་མོར་ལྟ་མཁན་རེ་ཟུང་ཡོད་པ་བཅས་མི་མང་ཚང་མ་བསྡོམས་ན་ཉིས་བརྒྱ་ཙམ་ལས་ཟིན་གྱི་མེད་པ་དང་། དེ་ཡང་མང་ཆེ་བ་དུས་དྲན་མཛད་སྒོ་མ་གྲོལ་གོང་ནས་རང་ཁྱིམ་དུ་ལོག་བཞིན་འདུག
གོང་འཁོད་གཞིས་ཆགས་ཁག་བཞི་དང་མེ་སོར་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་བཅས་ཀྱི་གོ་སྒྲིག་འོག་མེ་སོར་གྲོང་ཁྱེར་དུ་གསུམ་བཅུའི་དུས་དྲན་བསྲུང་བརྩི་ཞུས་ཏེ། ཞི་བའི་གོམ་བགྲོད་ཅིག་ཀྱང་བྱས་ཡོད་པ་རེད།
མེ་སོར་གསར་འགོད་པས།
{jcomments on}