དབྱིན་ཡུལ་འགྲེམས་སྟོན་ཁང་ཞིག་གིས་ཤིས་ཙང་གི་ཚབ་ཏུ་ཊི་བྷེ་ཊི་(Tibet)ཞེས་བསྒྱུར་བཅོས་བཏང་ཡོད་འདུག
དབྱིན་ཡུལ་ནང་གི་འགྲེམས་སྟོན་ཁང་གིས་བོད་ཀྱི་རིག་དངོས་ཀྱི་ངོ་སྤྲོད་ནང་། བོད་ལ་དབྱིན་ཡིག་ཏུ་ཊི་བྷེ་ཊི་(Tibet) ཞེས་པའི་ཚབ། རྒྱ་ནག་གིས་བེད་སྤྱོད་བྱེད་བཞིན་པའི་ཞི་ཙང་ཞེས་བཀོད་ཡོད་པར་བརྟེན། ས་གནས་བོད་མི་སོགས་ཀྱིས་འགྲེམས་སྟོན་ཁང་གི་འགན་འཛིན་ལ་ཡི་གེ་བཏང་ནས། བོད་ལ་(Tibet) ཞེས་བེད་སྤྱོད་གཏོང་དགོས་པའི་རེ་སྐུལ་ཞུས་རྗེས། ད་ལྟའི་ཆར་ཐ་སྙད་ལ་བསྒྱུར་བཅོས་བཏང་ནས་བོད་ལ་(Tibet) ཞེས་བཀོད་ཡོད་འདུག

ཟླ་འདིའི་ཚེས་༢༤ ཉིན། བོད་རང་བཙན་སློབ་ཕྲུག་ཚོགས་པའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་བའི་ལོ་ཁ་ཤས་ནང་། རྒྱ་གཞུང་གིས་བོད་མིའི་འདོད་བློ་དང་མི་མཐུན་པའི་ཚིག་བོད་ཅེས་པའི་ཚབ་ཏུ་ཤིས་ཙང་ཞེས་པའི་མིང་བེད་སྤྱོད་གཏོང་རྒྱུ་ལ་འབད་བརྩོན་བྱས་ནས། རྒྱ་ནག་ནང་ལོགས་ཙམ་མ་ཡིན་པར་རྒྱལ་སྤྱིའི་ནང་གདོང་ལེན་བྱེད་དགོས་པ་ཞིག་ཆགས་ཡོད་པ་ལྟར། དབྱིན་ཡུལ་དུ་གནས་སྡོད་བྱེད་མཁན་བོད་མི་ཚོས། དབྱིན་ཇིའི་འགྲེམས་སྟོན་ཁང་གིས་བོད་ཀྱི་རིག་དངོས་ཀྱི་ངོ་སྤྲོད་ནང་བོད་ཅེས་པའི་ཚབ་ཏུ་ཤིས་ཙང་ཞེས་པའི་ཚིག་བེད་སྤྱོད་གཏོང་བཞིན་ཡོད་པ་གོ་ཐོས་བྱུང་བ་དང་། ཤིས་ཙང་ཞེས་པའི་ཚབ་ཏུ་བོད་ཊི་བྷེ་ཊི་(Tibet) ཞེས་བེད་སྤྱོད་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་།
ཉེ་ཆར་བོད་ཀྱི་གཞོན་ནུ་ཁག་ཅིག་དབྱིན་ཇིའི་འགྲེམས་སྟོན་ཁང་དུ་ཕྱིན་ནས། ཐ་སྙད་ལ་བསྒྱུར་བཅོས་གཏོང་ཡོད་མེད་ལྟ་བར་འགྲོ་བའི་སྐབས། ཤིས་ཙང་ཞེས་བཀོད་ཡོད་པའི་མིང་བྱང་ཚང་མའི་ཚབ་ཏུ་ཊི་བྷེ་ཊི་(Tibet) ཞེས་བཀོད་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

སྤྱིར་དབྱིན་ཇིའི་འགྲེམས་སྟོན་ཁང་གིས་ན་ནིང་ཕྱི་ཟླ་༩ ནས་ཟླ་བ་ལྔའི་རིང་། ཕྱི་ལོ་༥༠༠ ནས་༡༠༠༠ བར་གྱི་ལོ་རྒྱུས་དང་འབྲེལ། ཨེ་ཤེ་ཡ་དང་ཡུ་རོབ་བར་གྱི་རིག་གཞུང་བརྗེ་རེས་ཕྱིར་དུ། དར་གོས་འགྲུལ་ལམ་གྱི་འགྲེམས་སྟོནན་(Silk Road Exhibiton) ཞེས་པ་ཞིག་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། འགྲེམས་སྟོན་ཐད་ཀྱི་རིག་དངོས་ངོ་སྤྲོད་ཀྱི་ནང་། བོད་ལ་དབྱིན་ཡིག་ཐོག་ཡོངས་གྲགས་སུ་ཊི་བྷེ་ཊི་ཞེས་འབོད་སྲོལ་ཡོད་ན་ཡང་། དེའི་ཚབ་ཏུ་རྒྱ་གཞུང་གི་འདོད་པ་ལྟར་བོད་ལ་ཞི་ཙང་ཞེས་བཀོད་ཡོད་པར་བརྟེན། ས་གནས་བོད་མི་ཚོས་འགྲེམས་སྟོན་ཁང་གི་འགན་འཛིན་(Nicholas Cullinan OBE) མིང་ཐོག་ལ་ཡི་གེ་ཞིག་བསྐུར་ནས། བོད་ལ་ཤིས་ཙང་ཞེས་བེད་སྤྱོད་བཏང་བ་ནི་བོད་ཀྱི་འཐབ་རྩོད་ལ་སྣང་མེད་བཏང་བ་དང་། རྒྱ་ནག་གི་ཆབ་སྲིད་ཀྱི་དམིགས་ཡུལ་ལ་རྒྱབ་སྐྱོར་བྱས་པ་ཞིག་ཆགས་ཀྱི་ཡོད་པ་ནན་བརྗོད་བྱས་ནས་ཤིས་ཙང་ཞེས་པའི་ཚབ་ཏུ་ཊི་བྷེ་ཊི་ཞེས་བེད་སྤྱོད་གཏོང་དགོས་པའི་རེ་སྐུལ་ཞུས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།