བལ་ཡུལ་དུ་གདུང་སེམས་མཉམ་བསྐྱེད་མཆོད་འབུལ་སྨོན་ལམ།

བོད་ནང་དུ་ཛ་དྲག་གནས་ཀྱི་གནས་སྟངས་ཤུགས་ཆེ་ཡོད་པར་བརྟེན་བལ་ཡུལ་ས་གནས་ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་ཐུན་མོང་གི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་༡༣ ནས་༡༥ བར་ཉིན་གསུམ་རིང་མཆོད་འཇོར་ཚོགས་ཁང་དུ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་ཡོད་པ་རེད།

neal_photo3བལ་ཡུལ་ས་གནས་ནས་འབྲེལ་ཡོད་ཅིག་གིས་གནས་ཚུལ་འགྲེལ་བརྗོད་གནང་བ་ ལྟར་ན། བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ཆེད་དུ་བོད་མི་འབུམ་བཅུ་གཉིས་ལྷག་གི་ཚེ་སྲོག་རྒྱ་དམར་དྲག་པོའི་གཞུང་གི་ལག་འོག་ཏུ་ཤོར་ཡོད་པ་དང། ཉེ་བའི་ལོ་ཙམ་ནས་བཟུང་བོད་ནང་དུ་བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་ལ་ཉེ་བ་ཞིག་གིས་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང། བོད་ནང་དུ་འགྲོ་འདུག་གི་རང་དབང་ཙམ་ལའང་དམ་དྲག་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་པར་བརྟེན། རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་ཤུལ་ལུས་མང་མི་ཡོངས་དང། རྒྱ་གཞུང་གི་མནར་གཅོད་འོག་ཡོད་པའི་བོད་རིགས་ཡོངས་རྫོགས་ལ་གདུང་སེམས་མཉམ་བསྐྱེད་ཆེད་བལ་ཡུལ་དུ་གནས་སྡོད་སེར་སྐྱ་མི་མང་བརྒྱ་ཕྲག་ཁ་ཤས་འཛོམས་ནས། མཆོད་འཇོར་ས་གནས་ཚོགས་ཁང་དུ་གདུང་སེམས་མཉམ་བསྐྱེད་ཆེད་མཆོད་འབུལ་སྨོན་ལམ་གཞི་རྒྱ་ཆེ་བ་ཞིག་ཚོགས་ཡོད་ཚུལ་གསུངས་སོང།།