དོན་བརྒྱུད་འབྲུག་པ་བཀའ་བརྒྱུད་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
འབྲུག་གསང་སྔགས་ཆོས་གླིང་དང་འབྲུག་ཨ་མི་ཏ་བྷ་བཙུན་དགོན་པ་སོགས་ཀྱི་གྲྭ་བཙུན་དང་། དེ་བཞིན་གྲྭ་ཚང་གཉིས་ཀྱི་སྦྱིན་བདག་བཅས་ཁྱོན་དད་ལྡན་སེར་སྐྱ་༣༠༠ ཙམ་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

ཟླ་འདིའི་ཚེས་༢ ཉིན་གྱི་སྔ་དྲོར། ༧སྐུའི་གོ་སྟོན་དང་སྟབས་བསྟུན། རྡོར་གླིང་ལ་ཡོད་པའི་འབྲུག་གསང་སྔགས་ཆོས་གླིང་དང་བལ་ཡུལ་དུ་ཡོད་པའི་འབྲུག་ཨ་མི་ཏ་བྷ་བཙུན་དགོས་གཉིས་ཀྱིས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་ཚེ་དཔག་མེད་ཞི་ཁྲོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
སྐབས་དེར་༧གོང་ས་མཆོག་གིས་རྒྱུ་མཚན་དམིགས་བསལ་མེད་ཀྱང་སེམས་ནང་དགའ་སྣང་ཆེན་པོ་ཞིག་བྱུང་ཞེས་དང་། འདས་པའི་ལོ་རྒྱུས་ཀྱི་གནས་ཚུལ་ཟུར་དུ་འཇོག་དགོས་པ་དང་། འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་གནང་མཁན་ཚང་མ་བསྟན་པའི་བྱ་བ་སྒྲུབ་མཁན་གལ་ཆེན་དོན་ཆེན་ཞིག་ཆགས་ཡོད་རེད་བསམ་པའི་སྐྱིད་སྣང་ཤུགས་ཆེན་བྱུང་བ། བསྟན་པ་རྒྱས་པར་ཤོག་ཟེར་བ་ནི་ཕྱི་ལོགས་ལ་འཛུགས་བསྐྲུན་ཡག་པོ་ཡོད་པའི་སྐད་ཆ་མིན་པ། བསླབ་པ་གསུམ་གྱི་ཉམས་ལེན་གདེང་འཁེལ་བ་ཞིག་བྱུང་ཡིན་ན་དངོས་གནས་བསྟན་པ་རྒྱས་པ་ཟེར་གྱི་རེད་སོགས་ཀྱི་བཀའ་སློབ་བསྩལ་སོང་།
བརྟན་བཞུགས་དང་འབྲེལ་འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག་ལ་བཅར་འདྲི་ཞུས་པར། ཁོང་གིས་བོད་ཕྱི་ནང་གཉིས་སུ་བཞུགས་མཁན་དང་ནང་ཆོས་ལ་དད་པ་བྱེད་མཁན་སུ་ཡིན་ན་ཡང་། ༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་གསོལ་བ་སྨོན་ལམ་དང་བརྟན་བཞུགས་འབུལ་རྒྱུ། དུས་རྒྱུན་དུ་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུ་ནི་ཚང་མའི་ལས་འགན་ཞིག་ཆགས་ཡོད་པ་དང་། ༧གོང་ས་མཆོག་ད་ལོ་དགུང་ལོ་༩༠ ཕེབས་ཀྱི་ཡོད་པ་དང་ད་དུང་ཡང་སྐུ་ཚེ་ཞབས་པད་བརྟན་ཕྱིར། དཔལ་༧རྒྱལ་དབང་འབྲུག་པ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལྟར། འབྲུག་གསང་སྔགས་ཆོས་གླིང་དང་འབྲུག་ཨ་མི་ཏ་བྷ་བཙུན་དགོས་གཉིས་ཀྱིས་བརྟན་བཞུགས་འབུལ་རྒྱུའི་སྐལ་བཟང་བྱུང་སོང་དགོངས་ཀྱི་ཡོད་པར་གསུངས་བྱུང་།
བརྟན་བཞུགས་བསྟར་འབུལ་ཆེད། འབྲུག་གསང་སྔགས་ཆོས་གླིང་དང་འབྲུག་ཨ་མི་ཏ་བྷ་བཙུན་དགོན་སོགས་ནས་གྲྭ་བཙུན་༢༠༠ ལྷག་གཙོས་གྲྭ་ཚང་གཉིས་ཀྱི་སྦྱིན་བདག་སོགས། ཁྱོན་དད་ལྡན་༤༠༠ ཙམ་བཞུགས་སྒར་དུ་ཆེད་ཕེབས་གནང་ཡོད་འདུག
ཁ་སང་དང་ཁེས་ཉིན་བཅས་ཉིན་གཉིས་ཀྱི་རིང་། འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག་སྒྲུབ་ཞག་གི་ཚོགས་མགོན་དུ་ཕེབས་ནས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་ཚོགས་ཡོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།