དྲུག་བཞིའི་དོན་རྐྱེན་དང་བོད།

རྩོམ་སྒྲིག་པའི་གཏམ། བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས། ༩༤༩།

ཕྱི་ལོ་༡༩༨༩ ལོའི་ཟླ་༦ པའི་ཚེས་༤ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་མཐོ་སློབ་ཁག་གི་སློབ་ཕྲུག་གིས་གཙོས་མི་མང་གིས་རྒྱ་དམར་གཞུང་གི་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་ལ་ངོ་རྒོལ་སྐད་འབོད་དང་། རྒྱ་ནག་ལ་མང་གཙོ་དང་རང་དབང་དགོས་པའི་དགོས་འདུན་བཏོན་པར་སྐབས་དེའི་རྒྱ་ནག་གི་དབང་འཛིན་པ་ཏིང་ཞའོ་ཕིང་གིས་བཙན་བཀའི་འོག་དྲག་པོའི་ཐོག་ནས་ཞི་རྒོལ་བ་མང་པོ་ཞིག་དམར་གསོད་བཏང་བའི་ཉིན་མོ་ཡིན་ཞིང་། སྐབས་དེའི་ལས་འགུལ་དང་འབྲེལ་བ་ཡོད་པའི་རྒྱ་མི་དུ་མ་ཞིག་སྔ་རྗེས་སུ་ཨ་རིས་གཙོས་ཕྱིའི་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་ཞུས་ནས། རྒྱ་དམར་གཞུང་གི་ལས་དོན་ལ་དངོས་ཤུགས་བརྒྱུད་གསུམ་ནས་ངོ་རྒོལ་གྱི་རྣམ་འགྱུར་སྟོན་བཞིན་ཡོད། གནད་དོན་དེ་ལ་བརྟེན་ནས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གིས་གཙོས་རྒྱ་གཞུང་ལ་འབྲེལ་ལམ་སྡུག་ཏུ་བཏང་ཡོད་ཀྱང་། དུས་རབས་ཉེར་གཅིག་པ་འཆར་ལ་ཉེ་བའི་སྐབས་ཨ་རིས་འགན་ཁུར་གཙོ་བོ་བླངས་ནས་རྒྱ་དམར་གཞུང་ལ་རྒྱལ་སྤྱིའི་ཐོག་ནས་ཚོང་གི་གོ་སྐབས་གང་མང་ཞིག་སྤྲད་དེ་ད་ལྟའི་གནས་བབས་འདིར་སླེབས་ཐུབ་ཡོད།

རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་དང་འབྲེལ་ཏེ་རྒྱ་མི་མང་པོས་མང་གཙོའི་དགོས་འདུན་བཏོན་ནས་ཡར་ལངས་བྱེད་པ་སོགས་ནི་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་གོ་སྐབས་གལ་ཆེན་ཞིག་ཏུ་མཐོང་མཁན་མང་པོ་བྱུང་ཡོད། རྒྱ་ནག་ནང་མང་གཙོ་དང་རང་དབང་གི་གོ་སྐབས་ཤིག་བྱུང་ན་ཕྱོགས་གཅིག་ནས་བོད་ནང་དུ་ཡོད་པའི་བོད་མི་རྣམས་ལ་ཕན་ཐོགས་ཡོད་སྲིད་ཅིང་། དེ་ལ་བརྟེན་ནས་ཆོས་དང་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་རྒྱུད་འཛིན་གྱི་ཐོག་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུའི་རེ་བ་ཡོད། ཕྱོགས་གཅིག་ནས་རྒྱ་ནག་ནང་མང་གཙོའི་ལམ་ལུགས་དར་ཁྱབ་ཆེན་པོ་འབྱུང་སྲིད་པའི་དབང་དུ་བཏང་ཡང་། རྒྱ་ནག་ནང་མི་རིགས་རིང་ལུགས་ཀྱི་བསམ་བློའི་དུག་རྒྱུན་དེ་འདོར་མ་ཐུབ་ན། བོད་པ་སོགས་གྲངས་ཉུང་མི་རིགས་རྣམས་ལ་སྔར་བཞིན་གཉའ་ནོན་དང་བཤུ་གཞོག་འབའ་ཞིག་ལས། ཁྱེད་རྣམས་ལ་རང་དབང་དང་མང་གཙོ་ཡོད་ཅེས་ལྷོད་ཡང་གཏོང་མཁན་ཞིག་ཡོང་རྒྱུའི་རེ་བ་ཆེན་པོ་མེད། དེ་ནི་རྒྱ་ནག་ཙམ་མ་ཡིན་པར་མང་གཙོ་དར་ཁྱབ་ཆེ་ཤོས་ཀྱི་ཡུལ་གྲུ་ཁག་ལ་བལྟས་ན་ཤེས་ཐུབ།

འཛམ་གླིང་འདིར་མང་གཙོ་དང་རང་དབང་ཆེ་ཤོས་ཀྱི་རྒྱལ་ཁབ་རྒྱ་གར་ཡིན་པ་དང་། རྒྱ་གར་མི་མང་ལ་རང་དབང་དང་ཐོབ་ཐང་ཆེན་པོ་ཡོད་པ་མ་ཟད། ཆབ་སྲིད་ཀྱི་འགན་ཁུར་བ་རྣམས་ཀྱིས་རྒྱ་གར་མི་མང་ལ་བསྟུན་མཁས་ཆེན་པོ་མ་བྱས་ན་རྐུབ་སྟེགས་འཆོར་ངེས་པས། ཆབ་སྲིད་དང་། ཁོར་ཡུག དཔལ་འབྱོར་སོགས་གང་ཐད་ནས་བསམ་ཚུལ་མི་འདྲ་བ་ཡོད་མཁན་གྱི་དབུ་ཁྲིད་སུ་སླེབས་ཀྱང་གཙོ་བོ་མི་མང་གི་འདོད་པ་དང་མི་མཐུན་པའི་རིགས་ལ་བསྒྱུར་བཅོས་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། མ་འོངས་པར་རྒྱ་ནག་ནང་ཆབ་སྲིད་ཀྱི་ཐོག་ནས་མང་གཙོའི་ལམ་སྲོལ་སླེབས་སྲིད་པའི་དབང་ཏུ་བཏང་ཡང་། བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག་པོ་སོགས་ལ་རང་དབང་ཆ་ཚང་བ་ཞིག་འཐོབ་རྒྱུའི་རེ་བ་མེད། དཔེར་ན་རྒྱ་གར་གྱི་རྩ་ཁྲིམས་ནང་མི་ལོ་བདུན་ཅུའི་སྔོན་དམིགས་བསལ་སྤྲད་པའི་ཇ་མུ་དང་ཀསྨྲིར་གྱི་རང་སྐྱོང་དེ་བྷི་ཇེ་བྷི་སྲིད་གཞུང་གིས་དུས་ཐུང་ནང་ཕྱིར་བསྡུ་བྱས་པ་དེའི་ཐོག་ནས་ཀྱང་། མང་གཙོའི་ལམ་ལུགས་ནང་འོས་བསྡུས་ཐག་གཅོད་བྱས་པར་གྲངས་མང་ཉུང་གི་ཐོག་ནས་ཞེད་སྣང་མེད་པ་ཞིག་མིན་པ་བསྟན་ཡོད།

སྤྱིར་རྒྱ་དམར་སྲིད་གཞུང་འཐོར་ཞིག་ཏུ་འགྲོ་རྒྱུར་རེ་བ་རྒྱག་ཆོག་ཀྱང་། བོད་པས་འབད་བརྩོན་གང་ཡང་མི་དགོས་པར་རྒྱ་ནག་ནང་མང་གཙོའི་འགྱུར་བ་ལ་བརྟེན་ནས་བོད་རང་བཙན་བསྐྱར་གསོ་ཐུབ་པའི་གོ་སྐབས་ཤིག་ཡོད་པའི་རེ་བ་རྒྱག་ཆེ་དྲགས་ན། དོན་དངོས་སུ་“བོད་རེ་བས་ཕུང་”ཞེས་པའི་གནའ་བོའི་སྡོམ་ཚིག་དེའི་ཕྱོགས་ལ་ཐག་ཉེ་རུ་འགྲོ་བཞིན་པའི་རྣམ་པ་གསལ་པོ་ཡོད། འཐབ་རྩོད་སོགས་ལས་དོན་གང་ཡིན་ཡང་རེ་བ་གང་ཡང་མེད་ན་འགྲུབ་མི་ཐུབ་པ་མ་ཟད། རེ་བ་དང་དམིགས་ཡུལ་རྒྱ་ཆེན་པོ་ཞིག་བཟུང་ནས་འབད་བརྩོན་བྱེད་དགོས། བོད་རེ་བས་ཕུང་ཞེས་པའི་གོ་དོན་འཇུག་ཡུལ་གཙོ་བོ་བོད་པས་དཀའ་ལས་གང་ཡང་རྒྱག་མི་དགོས་པར་གཞན་འབའ་ཞིག་ལ་རེ་བ་བརྒྱབ་ན། ཚེ་འདི་ཕྱི་གཉིས་ཀྱི་དམིགས་ཡུལ་ཐམས་ཅད་འགྲུབ་ཐུབ་སྙམ་པ་དེ་ལ་དམིགས་ནས་བཤད་པ་ཞིག་ལས། རང་ཉིད་ཀྱི་འབད་བརྩོན་དང་ནུས་པ་ལ་བརྟེན་ནས་མ་འོངས་པར་གྲུབ་འབྲས་རྒྱ་ཆེན་པོ་ཞིག་འབྱུང་བར་རེ་བ་བརྒྱབ་ནས་བོད་ཕུང་སོང་བར་གཏན་ནས་མི་གོ་བས་རེ་བ་གཏན་ནས་བྱེད་མི་རུང་བ་ག་ལ་ཡིན།

མདོར་ན་རྒྱ་མི་མང་གཙོ་དོན་གཉེར་བ་ཡིན་ཟེར་མཁན་གང་མང་ཞིག་གིས་དོན་དངོས་སུ་བོད་དོན་ལ་རྒྱབ་སྐྱོར་དེ་ཙམ་མེད་ཀྱང་། ༧གོང་ས་མཆོག་གི་མཚན་སྙན་དང་། བཙན་བྱོལ་གཞུང་གི་ནུས་པ་རྣམས་ཁོང་ཚོའི་དམིགས་ཡུལ་འགྲུབ་ཆེད་བེད་སྤྱོད་གཏོང་རྒྱུའི་བསམ་བློ་ཞིག་ཏུ་ངོས་འཛིན་བྱེད་ཆོག མ་འོངས་པར་དྲུག་བཞིའི་དུས་དྲན་སོགས་གཏན་ནས་བྱེད་མི་འོས་པའི་སྐད་ཆ་མིན་ཡང་། གཙོ་བོ་རྒྱ་ནག་ནང་འགྱུར་ལྡོག་ཆེན་པོ་འབྱུང་སྲིད་པའི་དབང་དུ་བཏང་ན། སྐབས་དེར་བོད་པས་རང་དབང་རང་བཙན་གྱི་གོ་སྐབས་དམ་འཛིན་ཐུབ་པ་ཞིག་དང་། དེའི་བར་དུ་བོད་དོན་འཐབ་རྩོད་ཀྱི་བསམ་བློ་ཡོད་པ་རྣམས་རྒྱུན་གནས་དང་། མེད་པ་རྣམས་ལ་སླར་གསོ་བྱ་རྒྱུའི་འབད་བརྩོན་ཕྱོགས་ཡོངས་ནས་བྱ་རྒྱུ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། རྒྱ་གཞུང་གི་གཅིག་སྡུད་དབང་འཛིན་གྱི་ལམ་ལུགས་འོག་མི་མང་ལ་གཉའ་ནོན་བཤུ་གཞོག་བྱེད་ཆེ་བས་ཉིན་གཅིག་རྒྱ་ནག་འཐོར་ཞིག་འགྲོ་མི་སྲིད་པ་མིན་ཡང་། ད་ལྟའི་གནས་སྟངས་ལ་བལྟས་ན་སྐབས་དེ་དུས་བོད་པས་དམ་འཛིན་བྱེད་ཐུབ་པའི་རེ་བ་ཕལ་ཆེར་མེད་པ་ལྟ་བུར་གྱུར་ཡོད།།