ནང་པའི་དགེ་སློང་མའི་དབྱར་གནས་མཉན་ཡོད་དུ་ཐེངས་དང་པོར་བཞུགས།

རྒྱལ་ཁབ་བཅུ་ལྷག་ནས་དགེ་སློང་མ་༡༤༥ ཙམ་ནང་པའི་གནས་ཆེན་བརྒྱད་ཀྱི་ཡ་གྱལ་མཉན་ཡོད་དུ་ཕེབས་ཏེ་བོད་ཟླ་༦ ཚེས་༡༥ ཉིན་དབྱར་གནས་སུ་བཞུགས་ཡོད་འདུག

ཁ་སང་སྟེ་བོད་ཚེས་༡༥ ནས་ཕྱོགས་གང་ས་རུ་དགེ་འདུན་པ་དང་བཙུན་མའི་སྡེ་རྣམས་ཟླ་བ་གཅིག་དང་ཕྱེད་དམ་ཟླ་བ་གསུམ་བཅས་དུས་ཡུན་ངེས་མེད་ཀྱིས་རང་གཞན་དོན་གཉིས་ཀྱི་ཕྱིར་དབྱར་ལ་གནས་པའི་དུས་ཡིན་པ་བཞིན། འབྲི་གུང་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་བསྐྱེད་ལྟར་བདག་ཅག་གི་སྟོན་པ་འཁོར་བཅས་ལོ་ངོ་ཉེར་ལྔ་ཙམ་བཞུགས་ཤིང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་མུ་སྟེགས་པ་རྣམས་ཆོ་འཕྲུལ་འགྲན་ཏེ་ཕམ་པར་མཛད་ས་སོགས་ནང་པའི་གནས་རྩ་ཆེན་མཉན་ཡོད་དུ་དགེ་སློང་མའི་དབྱར་གནས་ཕྱིར་དུ། དེ་སྔོན་རྒྱལ་ཁབ་བཅུ་ནས་དགེ་སློང་མ་༡༥༠ ལྷག་གདན་ཞུས་གནང་ཡོད་པ་དང་། ཕྱི་ཟླ་༨ ཚེས་༡ ཉིན་མཉན་ཡོད་ཐེག་གསུམ་གཙུག་ལག་ཁང་དུ་ཐེངས་དང་པོའི་དགེ་སློང་མའི་དབྱར་གནས་དབུ་འཛུགས་ཀྱི་མཛད་སྒོའི་སྐབས་ཨ་རི་དང་ཐའེ་ཝན། ཝེཏ་ནམ། འབྲུག་ཡུལ། རྒྱ་གར། བལ་ཡུལ། ཐེ་ལེན། ཨོ་གླིང་། ཧྥ་རན་སི་སོགས་ནས་དགེ་སློང་མ་༡༤༥ མཉམ་ཞུགས་གནང་ཐུབ་ཡོད་འདུག འདི་ནི་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་རྗེས་སུ་ནང་པའི་གནས་ཁྱད་པར་ཅན་དེར་དགེ་སློང་མའི་སྡེས་དབྱར་ལ་གནས་པ་ཐེངས་དང་པོ་དང་། ནང་པ་སངས་རྒྱས་པ་སྤྱིའི་ལོ་རྒྱུས་ནང་གལ་གནད་ཆེན་པོ་ཞིག་ཆགས་ཀྱི་ཡོད་འདུག

འབྲི་གུང་༧སྐྱབས་མགོན་དགོངས་གཞི་བཞིན་ད་ལོའི་དབྱར་གནས་གོ་སྒྲིག་གནང་མཁན་གཙོ་བོ་ནི་ཨ་རིར་གནས་སྡོད་མཁན་མོ་སྒྲོལ་མ་ལགས་དང་། བྱེས་ཀྱི་འབྲི་གུང་བཀའ་བརྒྱུད་ཀྱི་གདན་སའི་ཁྱབ་ཁོངས་བཙུན་དགོན་བསམ་གཏན་གླིང་། དེ་བཞིན་མཉན་ཡོད་འཛིན་སྐྱོང་སྡེ་ཚན་བཅས་ཡིན་འདུག གཉན་ཡོད་ནི་བདག་ཅག་གི་སྟོན་པ་དབྱར་དུ་གནས་ས་སོགས་མཛད་དེ་བཞུགས་ཡུན་རིང་ཤོས་ཀྱི་གནས་དེ་ཡིན་པ་མ་ཟད། ཆོ་འཕྲུལ་ཆེན་པོས་མུ་སྟེགས་ཀྱི་ཚོགས་ཀུན་ཕམ་པར་མཛད་ས་དང་། སྟོན་པའི་གཙོ་འཁོར་ཉན་ཐོས་ཆེན་པོ་བརྒྱད་ཅུ་ཞེས་གྲགས་པ་རྣམས་ཀྱང་གནས་དེར་ཡུན་རིང་བཞུགས་པའི་ལོ་རྒྱུས་འདུག

འབྲི་གུང་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་ལྟར་གནས་མཆོག་ཁྱད་པར་ཅན་དེར་༢༠༡༥ ལོར་མཉན་ཡོད་ཐེག་གསུམ་ནང་པའི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་བཞེངས་བསྐྲུན་གནང་བ་དང་། ལོ་ལྟར་བཞིན་གསུང་ཆོས་བཀའ་ཁྲིད་གནང་སྟེ་དད་ལྡན་ཚོར་ནང་ཆོས་ཀྱི་གོ་རྟོགས་སྤེལ་བ་སོགས་མཛད། ༢༠༡༩ ལོར་འབར་མ་སོགས་ཀྱི་གནས་བརྟན་སྡེ་པའི་དགེ་སློང་༡༠༨ ཟླ་བ་གསུམ་གྱི་རིང་དབྱར་གནས་སུ་བཞུགས་ཡོད་པ་དང་། ད་ཐེངས་ཀྱང་རྒྱལ་ཁབ་བཅུ་ནས་ཕེབས་པའི་ནང་པའི་དགེ་སློང་མ་༡༤༥ ཙམ་དབྱར་གནས་སུ་བཞུགས་ཡོད་འདུག

པར་རིས་ཡོང་ཁུངས་འབྲི་གུང་༧སྐྱབས་མགོན་ངོ་དེབ།

གསར་འགོད་པ་བསྟན་འཛིན་ལམ་བཟང་།