བཀའ་ཤག་གི་ལས་ཡུན་ལོ་ལྔའི་རིང་ས་གནས་སོ་སོར་ཐེངས་གཉིས་བཅར་རྒྱུའི་འཆར་གཞི་འདུག

ཟླ་འདིའི་ཚེས་༡༢ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་སུ་གཟིགས་སྐོར་གནང་བ་དང་། བཀའ་ཤག་གི་ལས་ཡུན་ལོ་ལྔའི་རིང་ས་གནས་སོ་སོར་ཐེངས་གཉིས་བཅར་རྒྱུའི་བསམ་བློ་ཡོད་སྐོར་གསུངས་འདུག

གཞིས་ཆགས་དེར་མི་མང་ཚོགས་འདུའི་ཐོག་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་གྱིས་གཞིས་ཆགས་གནས་སྟངས་སྐོར་དང་། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་ཡོད་པ་རེད། སྲིད་སྐྱོང་གིས་ཐེངས་འདིའི་གཟིགས་སྐོར་སྐབས། རྒྱ་གར་དབུས་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གསུམ་ལ་སྐོར་བསྐྱོད་གནང་བཞིན་པ། དེ་སྔོན་ལ་དྭགས་ཁུལ་དང་། ཀ་རྡོར་སྒང་གསུམ། ཨུཏྟརཱ་ཁནྜ་ཁུལ་གྱི་བོད་མིའི་གཞིས་ཆགས་བཅས་སུ་སྐོར་བསྐྱོད་ཟིན་སྐོར་གསུངས་པ་དང་། དང་པོ་ས་གནས་སོ་སོར་ཆེད་བཅར་དང་འབྲེལ་འབྱུང་འགྱུར་ལོ་གསུམ་གྱི་ལས་འཆར་ཁག་བཟོ་སྒྲིག་གནང་རྒྱུའི་བསམ་བློ་ཡོད་སྐོར་གསུངས་འདུག དེ་བཞིན་སྲིད་སྐྱོང་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་ནག་གཞུང་གིས་ཐོག་མཐའ་བར་གསུམ་དུ་སྲིད་བྱུས་དང་ལྡན་པའི་ཐོག་ནས་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་བཞིན་པ་མ་ཟད། བོད་ས་ཡོངས་རྫོགས་སུ་སྒེར་སློབ་ཁག་སྒོ་རྒྱག་བཞིན་ཡོད་སྐོར་ངོ་སྤྲོད་གནང་བ་དང་།  བོད་རྒྱ་ཞི་འགྲིག་ཡོང་ཆེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་རིམ་སྙིང་བསྡུས་འགྲེལ་བརྗོད་གནང་འདུག

སྲིད་སྐྱོང་གིས་དེ་སྔོན་རྒྱ་གར་གྱི་འཛིན་སྐྱོང་འོག་ཡོད་པའི་བོད་སློབ་ཁག་ཤེས་རིག་ལས་ཁུངས་ནས་རྩིས་ལེན་དང་འབྲེལ་བའི་སློབ་ཕྲུག་གི་གནས་སྟངས་དང་། སྡོད་ཁང་མེད་མཁན་རྣམས་ལ་སྡོད་ཁང་གི་མཐུན་སྐྱོར་གནང་རྒྱུའི་འབད་བརྩོན་གནང་རྒྱུ་ཡིན་སྐོར་དང་། དེ་བཞིན་རྒྱ་གར་གཞུང་མང་གཉིས་ནི་རང་རེའི་བོད་མི་རྣམས་ལ་བཀའ་དྲིན་ཧ་ཅང་ཆེན་པོ་ཡིན་སྟབས། གཞིས་མི་རྣམས་ནས་ཡུལ་མི་དང་མཉམ་དུ་མཐུན་སྒྲིལ་དམ་ཟབ་གནང་དགོས་པ་དང་། རང་རིགས་ནང་ཁུལ་འཆམ་མཐུན་ངང་སྡོད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་འདུག 

གཞིས་ཆགས་སུ་བལྟ་སྐྱོང་དང་ལས་དོན་སྒྲུབ་རྒྱུར་གཞིས་ཆགས་རང་གི་མི་ཞིག་ས་གནས་འགོ་འཛིན་ཡིན་ན་དགེ་མཚན་ཆེན་པོ་ཡོད་པ་དང་། བཅའ་ཁྲིམས་དགོངས་དོན་ས་གནས་འགོ་འཛིན་འོས་འདེམས་བྱ་ཐུབ་རྒྱུ་གལ་ཆེ་ཡིན་སྐོར། དེ་བཞིན་གཞོན་སྐྱེས་རྣམས་ནས་ལས་རིགས་སློབ་སྦྱོང་ཐོན་རྗེས་གཞིས་ཆགས་སུ་ཕྱིར་ལོག་བྱུང་ཚེ་སྤྱི་སྒེར་གཉིས་ཀར་ཕན་ཐོགས་ཡོད་པ་མ་ཟད། གཞིས་ཆགས་སྲ་བརྟན་ཡོང་རྒྱུར་དགེ་མཚན་ཡོད་སྐོར་གསུངས་འདུག

ཉིན་དེའི་ཕྱི་དྲོ་སྲིད་སྐྱོང་གིས་གཞིས་ཆགས་དེའི་ན་གཞོན་ལས་མེད་གྲངས་༨ དང་ཟུར་དུ་མཇལ་འཕྲད་བྱས་པ་དང་། ཁོང་རྣམས་ལ་གཞིས་ཆགས་སུ་སྤྱི་སྒེར་གཉིས་ཀར་ཕན་པའི་ཁ་ཡོད་ལག་ཡོད་ཀྱི་ལས་འཆར་གསར་པ་ཕུགས་རྒྱང་རིང་པོར་ཕན་པའི་བསམ་བློ་ཡོད་རིགས་ནས་ས་གནས་འགོ་འཛིན་མཉམ་གོ་བསྡུར་གྱིས་ལས་འཆར་བཟོ་འགོད་བྱུང་མཚམས་བོད་མིའི་སྒྲིག་འཛུགས་ནས་རོགས་སྐྱོར་རམ་སྐྱེད་མེད་བུན་གཡར་སོགས་མཐུན་འགྱུར་གནང་རྒྱུའི་དགོངས་པ་ཡོད་སྐོར་སོགས་གསུངས་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།