བཞུགས་སྒར་དྷ་ས་ནས་རྡོ་རྗེ་གདན་བར་དུ་རྐང་འཁོར་བཞོན་ཏེ་བོད་དོན་སྐོར་བསྐྱོད་འགོ་བཙུགས།

ཕྱི་ཟླ་ ༡༠ ཚེས་ ༡༢ ཉིན་དྷེ་ར་དྷུན་དུ་གནས་བཞུགས་འཇམ་དབྱངས་བསྟན་འཛིན་ལགས་ནས་བཞུགས་སྒར་རྡ་རམ་ས་ནས་ལམ་ཐག་སྤྱི་ལེ་༢༠༠༠ ལྷག་ཡོད་པའི་གནས་མཆོག་རྡོ་རྗེ་གདན་བར་དུ་(ང་ཚོ་བོད་ནམ་ཡང་མ་བརྗེད་)ཅེས་པའི་འབོད་ཚིག་གིས་རྐང་འཁོར་སྐོར་བསྐྱོད་ཀྱི་ཞི་བའི་ལས་འགུལ་ཞིག་སྤེལ་འགོ་བཙུགས་གནང་བ་དང་། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་གཙོས་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མི་མང་བཅས་ནས་མཇལ་དར་སྒྲོན་ཏེ་ཕེབས་སྐྱེལ་ཞུས་ཡོད་པ་རེད།
དགུང་ལོ་༦༣ ཡིན་པའི་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་ལས་འགུལ་འདི་ལྟར་སྤེལ་དགོས་པའི་རྒྱུ་མཚན་གསུངས་དོན། སོ་སོས་སེམས་འཚབ་གཅིག་ཁུར་ནས་རྐང་འཁོར་གོམ་བགྲོད་འདི་དྷ་ས་ནས་རྡོ་རྗེ་གདན་བར་དུ་སྨོན་ལམ་དང་སྦྲགས་ནས་འགྲོ་རྒྱུ་ཡིན་པ་དང་། དེ་ཡང་རྒྱ་གར་གྲོང་གསེབ་དེ་ཚོའི་ནང་ལོགས་སུ་བོད་པ་ཟེར་བ་ངོ་མི་ཤེས་པར་ང་ཚོ་མཐོང་དུས་ཅེ་ནིས་དང་ནེ་པ་ལིས་ཞེས་རྒྱ་མི་དང་བལ་པོ་ཡིན་པར་སེམས་མཁན་མང་པོ་ཡོད་པར་བརྟེན། ཐེངས་འདིར་གྲོང་གསེབ་དེ་ཚོའི་ནང་སླེབ་དུས་གྲོང་མི་ཚོར་ང་ཚོ་བོད་ཟེར་ཡ་དེ་འདི་འདྲ་ཞིག་ཡོད་པ། རྒྱ་གར་ལ་བཙན་བྱོལ་དུ་སླེབས་ན་ལོ་ངོ་འདི་ཙམ་ཞིག་འཁོར་གྱི་ཡོད་པ། ང་ཚོ་བོད་མིས་རྒྱ་གར་ནང་དུ་ལས་ཀ་འདི་འདྲ་བྱེད་ཀྱི་ཡོད་པ་སོགས་ཚང་མ་ངོ་སྤྲོད་བྱེད་ཐུབ་པ་ཞིག་གི་འབད་བརྩོན་ཤུགས་ཆེན་པོ་བྱེད་ཀྱི་ཡིན་པ་དང་། དེ་བཞིན་བོད་སྤྱི་དོན་གྱི་ཐོག་ལ་གྲོས་ཚོགས་དེ་ཡག་པོ་ཞིག་འཚོགས་ཐུབ་ཀྱི་མེད་པས་མ་འོངས་པར་གྲོས་ཚོགས་དེ་ལེགས་ཤིང་རྒྱས་པའི་ཐོག་ནས་འཚོགས་ཐུབ་པའི་སྨོན་ལམ་ཞུས་ནས་འགྲོ་རྒྱུ་ཡིན་པར་གསུངས་པ་དང་། གཞན་ཡང་ཕྱི་རྒྱལ་ཁག་ཏུ་བོད་པ་བཞོན་སྐྱེས་ཚོས་རྐང་འཁོར་གྱི་ཐོག་ནས་བོད་དོན་གྱི་ལས་འགུལ་མང་པོ་སྤེལ་བཞིན་འགྲོ་གི་ཡོད་པ་ལྟར། རྒྱ་གར་ལུང་པའི་ནང་ཁོང་ལ་མིག་དཔེ་བལྟས་ནས་གཞོན་སྐྱེས་ཚོར་ནུས་ཤུགས་གཅིག་བསླེབ་མི་ཡོང་ངམ་སྙམ་པའི་རེ་བ་དང་དཔེ་མཚོན་ཡིན་པར་གསུངས། ཁོང་ནི་དུས་རྒྱུན་དུ་བོད་ཀྱི་གཞོན་ནུའི་ལས་འགུལ་ཁག་ནང་མཉམ་བཞུགས་གནང་མཁན་ཞིག་ཡིན་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།
