བལ་ཡུལ་ནང་གནམ་གྲུ་བརྡབ་སྐྱོན་ཤོར་ནས་མི་མང་པོ་ཤི་རྨས་བྱུང་འདུག

བལ་ཡུལ་ནང་གནམ་གྲུའི་འབབ་ཚུགས་དང་འཕྲུལ་ཆས་སོགས་ཀྱི་སྤུས་ཚད་ཡག་པོ་མེད་པའི་རྐྱེན་གྱིས་གནམ་གྲུ་བརྡབ་སྐྱོན་ཡང་ཡང་ཡོང་གི་ཡོད་འདུག་པ་དང་། དེ་རིང་ཡང་བལ་ཡུལ་ནང་གནམ་གྲུ་ཞིག་བརྡབ་སྐྱོན་ཤོར་ནས་མི་མང་པོ་ཤི་རྨས་བྱུང་ཡོད་འདུག

ཕྱི་ཚེས་༢༤ གཟའ་ལྷག་པའི་ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་རིང་ཞོགས་པ་ཆུ་ཚོད་༡༡ དང་སྐར་མ་༡༥ ཐོག་གནམ་གྲུ་དེ་བལ་ཡུལ་གྱི་རྒྱལ་སའི་ནང་ཡོད་པའི་(Tribhuvan)་རྒྱལ་སྤྱིའི་གནམ་ཐང་ནས་པོག་ར་གནམ་ཐང་དུ་འཕུར་དུས་བརྡབ་སྐྱོན་ཤོར་ཡོད་འདུག་པ་དང་། དེ་ཡང་ (Tribhuvan)་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་འགོ་བཙུགས་པ་དང་གནམ་གྲུའི་ཁ་ཕྱོགས་ནོར་ནས་བརྡབ་སྐྱོན་ཤོར་ཡོད་པ་བལ་ཡུལ་གྱི་རྒྱལ་སྤྱིའི་གནམ་ཐང་གི་འགོ་འཛིན་(Jagannath Niraula)ཟེར་བས་བྷི་བྷི་སིའི་གསར་འགོད་པ་ལ་བརྗོད་ཡོད་འདུག་ཀྱང་། ཁ་ཕྱོགས་ནོར་བ་དེ་རྐྱེན་ངོ་མ་ཡིན་མིན་ད་དུང་ངེས་བརྟན་ཡོད་མི་འདུག ཐོག་མར་གནམ་གྲུ་དེ་ཁ་ཕྱོགས་ནོར་ནས་གཡས་ཕྱོགས་སུ་འཕུར་ཡོད་འདུག་པ་དང་། དེ་ནས་གཡོན་ཕྱོགས་སུ་ཁ་སྐོར་དུས་བརྡབ་སྐྱོན་ཤོར་ཡོད་པ་གནམ་ཐང་གི་ལས་བྱེད་ཚོས་རྗོད་ཀྱི་ཡོད་འདུག ད་བར་མི་༡༨ འདས་གྲོངས་སུ་གྱུར་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག་ལ། གནམ་གྲུའི་ཁ་ལོ་བ་གཅིག་པུར་གསོན་པོ་གནས་ཐུབ་ཡོད་འདུག་ཀྱང་། རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག་པས། ད་ལྟ་ཁ་ལོ་བ་དེ་སྨན་ཁང་ནང་སྨན་བཅོས་བྱེད་བཞིན་ཡོད་འདུག ཤི་རྨས་བྱུང་བའི་མི་༡༩ ཡོད་འདུག་པ་ལས་མི་༡༧ བལ་ཡུལ་གྱི་མི་ཡིན་འདུག་པ་དང་།  མི་གཅིག་དེ་ཡེ་མན་གྱི་(Yemeni)་མི་ཡིན་འདུག
ཁོང་བལ་ཡུལ་ནང་བཟོ་སྐྲུན་ལས་རིགས་ཀྱི་འཆར་འགོད་པའི་ལས་ཀ་བྱེད་ཀྱི་ཡོད་འདུག བལ་ཡུལ་གྱི་གནམ་གྲུ་རྣམས་ཀྱི་སྤུས་ཚད་ཞན་པ་དང་སྐྱོ་དྲགས་པའི་རྐྱེན་གྱིས་གནམ་གྲུའི་བརྡབ་སྐྱོན་ཁྲོད་མི་མང་པོ་ཤི་རྨས་བྱུང་ཡོད་འདུག  བལ་ཡུལ་ནང་གནམ་གྲུ་བརྡབ་སྐྱོན་ཤོར་བའི་དོན་རྐྱེན་ཆེ་ཤོས་དེ་ནི་ཕྱི་ལོ་༡༩༩༢ ལོར་པ་ཀི་སི་ཐན་གྱི་གནམ་གྲུ་ཞིག་བལ་ཡུལ་གྱི་རྒྱལ་སར་ཡོང་དུས་བརྡབ་སྐྱོན་ཤོར་ནས་ཁྱོན་མི་༡༦༧ འདས་གྲོངས་སུ་གྱུར་ཡོད་པ་དེ་ཡིན་འདུག ན་ནིང་བསྐྱར་དུ་བལ་ཡུལ་ནང་གནམ་གྲུ་བརྡབ་སྐྱོན་ཤོར་ནས་ཁྱོན་མི་༧༢ འདས་གྲོངས་སུ་གྱུར་ཡོད་པ་རེད།

གསར་འགོད་པ།  བསོད་ནམས་ཕུན་ཚོགས།