བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༠༦ ཕྱི་ལོ་ ༢༠༡༦/༨/༣
ཕྱི་ལོ་༡༩༥༩ ལོ་བཙན་བྱོལ་དུ་འབྱོར་བ་ནས་བཟུང་བཙན་བྱོལ་བོད་གཞུང་དང། རིམ་པས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་ཆུང་འདྲ་མིན་མང་པོ་སྤེལ་ཡོད་པ་དང། དེ་ཡང་སྐབས་རེ་ཁྲོམ་གཞུང་དུ་ཐོན་ནས་སྐད་འབོད་བརྒྱབ་ཡོད་ལ། གོམ་བགྲོད་ལས་འགུལ་དང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཁག་གཅིག་རྗེས་གཉིས་མཐུད་དུ་སྤེལ་ཡོད། གཙོ་ཆེ་ཤོས་རྒྱལ་སྤྱིའི་ཐོག་ཞུ་གཏུག་གི་ལས་འགུལ་མང་པོ་སྤེལ་ཡོད་པ་དང། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་སྐབས་རྒྱལ་སྤྱིའི་དཔོན་རིགས་ཁག་དང་ཐུག་འཕྲད་ཀྱིས་བོད་དོན་ཆབ་སྲིད་ཀྱི་ཐོག་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་སྔ་རྗེས་སུ་གནང་ཡོད། དེ་བཞིན་བཀའ་བློན་ཁྲི་པ་སྔ་རྗེས་དང། སྲིད་སྐྱོང་། བཀའ་བློན་དང། སྤྱི་འཐུས་ཚོགས་གཙོ་རིམ་བྱུང། ཕྱི་རྒྱལ་གྱི་དོན་གཅོད་ཁག་སོགས་བཙན་བྱོལ་བོད་གཞུང་གི་ལས་སྣེ་རྣམས་དང། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས་སོགས་ཀྱིས་རྒྱལ་སྤྱིའི་ནང་ཞུ་གཏུག་གི་ལས་འགུལ་ཧ་ཅང་མང་པོ་ཞིག་སྤེལ་ཡོད།
ད་དུང་དེ་དག་གི་ནང་མ་ཚུད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང། རྒྱལ་སྤྱིའི་ཐོག་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བཅས་ཀྱིས་བོད་དོན་འཐབ་རྩོད་དང་རྒྱབ་སྐྱོར་གྱི་ལས་འགུལ་ལུ་གུ་རྒྱུད་དུ་སྤེལ་ཡོད། འོན་ཀྱང་ད་བར་དོན་དངོས་བོད་དོན་ལས་འགུལ་གྱི་ཐོག་ལ་གྲུབ་འབྲས་ག་ཚོད་ཐོན་ཡོད་མེད་ནི་ཁ་ཚོན་བཅད་ནས་བཤད་དཀའ་བ་དང། ལྷག་པར་དུ་ད་བར་ལས་འགུལ་གྱི་རྣམ་གྲངས་མང་པོ་ཞིག་སྤེལ་ཡོད་པ་ཙམ་ལས། མི་ལོ་དྲུག་ཅུ་ལ་ཉེ་བའི་སྐབས་འདིར་ལས་འགུལ་སྤེལ་བ་ཁག་ལ་དོན་དངོས་ཀྱི་མཇུག་འབྲས་གང་དང་གང་བྱུང་ཡོད་མེད་ཤེས་རྟོགས་དགོས་པ་དེ་ཧ་ཅང་གལ་ཆེ། མ་འོངས་པར་ཡང་མུ་མཐུད་ལས་འགུལ་དེ་དག་ཀྱང་འཆར་ཅན་དང་སྔར་ལམ་ལྟ་བུ་ལས་མེད་པར་གྱུར་ཚེ། གནས་སྐབས་རང་སེམས་གསོ་བྱེད་ཙམ་ལས། ཕན་ངེས་ཀྱི་གྲུབ་འབྲས་ཤིག་གང་ཡང་འཐོབ་མི་ཐུབ་པའི་གནས་སྟངས་ཀྱང་ཡོང་མི་སྲིད་པ་གཏན་ནས་མ་རེད། དེར་བརྟེན་བཙན་བྱོལ་ནང་བོད་དོན་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་ལ་གྲུབ་འབྲས་ཐོན་ཡོད་དང་མེད་གསལ་པོ་རྟོགས་ཐུབ་དགོས།
སྤྱིར་མི་ལོ་དྲུག་ཅུ་ལ་ཉེ་བའི་རིང་དུ་ཆབ་སྲིད་ཀྱི་ལས་འགུལ་རྣམ་གྲངས་མང་པོ་ཞིག་སྤེལ་ཡོད་པ་དང། དེའི་ཐོག་ནས་གྲུབ་འབྲས་ངོ་སོ་ཐོན་པ་གང་དང་གང་བྱུང་ཡོད་མེད་ཐོག་ལ་རགས་ཙམ་བལྟས་ན་བཤད་ཁག་པོར་གྱུར་ཡོད་ཀྱང། ཆེ་ས་ནས་བོད་ཀྱི་གནད་དོན་ཐག་གཅོད་ཐུབ་མེད་པ་མ་ཟད། དོན་དངོས་བོད་རྒྱ་ཞི་མོལ་གྱི་ལམ་ཁ་ཞིག་ཏུའང་ཁྲིད་ཐུབ་པ་བྱུང་མེད། ཆུང་ས་ནས་བཤད་ན་༧ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ནས་མི་ལོ་ཉི་ཤུ་བརྒལ་ཟིན་ཡང། དོན་དངོས་ཐོག་ས་ཆ་གང་དུ་ཡོད་མེད་ཙམ་དང། ཐ་ན་འདས་གསོན་གང་ཡིན་གྱི་གནས་སྟངས་ཙམ་ཡང་ཤེས་རྟོགས་ཐུབ་མེད། གནད་དོན་དེའི་ཐོག་ལ་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ལས་འགུལ་ཧ་ཅང་མང་པོ་སྤེལ་ཡོད། དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་མ་ཉེས་ཁག་གཡོག་གིས་བཙོན་འཇུག་བྱས་ནས་བཟུང། གཞུང་སྒེར་གཉིས་ངོས་ནས་ལས་འགུལ་རྒྱུན་མ་ཆད་དུ་སྤེལ་ཡོད་ཀྱང། ཁོང་གློད་གྲོལ་ཐུབ་པ་ལྟ་ཅི། རྒྱ་གཞུང་གི་བཙོན་ཁང་དུ་སྐུ་བཀྲོངས་པ་རེད།
ད་བར་མི་ལོ་དྲུག་ཅུ་ཉེ་བའི་རིང་ལས་འགུལ་མ་ལན་མ་འགྱོད་པ་ཞིག་སྤེལ་ཡོད་ཀྱང། གྲུབ་འབྲས་གང་དང་གང་ཐོན་ཡོད་མེད་ཐད་དོན་དངོས་བསྐྱར་ཞིབ་གསལ་པོ་ཞིག་བྱེད་རྒྱུའི་དུས་ལ་བབ་ཡོད། བཙན་བྱོལ་སྤྱི་ཚོགས་ཙམ་དུ་མ་ཟད། བོད་ནང་ནས་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་པ་མ་ཟད། རང་ལུས་མེར་སྲེག་གཏོང་མཁན་ཁོ་ནའི་ཐོག་ནས་བློས་གཏོང་ག་ཚོད་ཙམ་བྱས་ཡོད་མེད་ཧ་ཅང་གསལ་པོ་རེད། དེར་བརྟེན་གནད་དོན་དེ་དག་ཚང་མ་བསྡོམས་བརྒྱབ་ནས་བལྟས་ཡོང་དུས་ལས་འགུལ་གྱི་ཁ་ཕྱོགས་འགྲིག་ཡོད་མེད་དང། ལས་འགུལ་ལ་གྲུབ་འབྲས་ཆེ་ཤོས་གང་དང་གང་ཐོན་ཡོད་མེད། ལས་འགུལ་གྱི་ཐོག་ནས་ནོར་འཁྲུལ་སོང་ཡོད་མེད། མ་འོངས་པར་སྔོན་མེད་གསར་གཏོད་ཀྱི་ཐོག་ནས་ལས་འགུལ་སྤེལ་དགོས་པ་དང་སྤེལ་ཐུབ་པ་ག་རེ་ཡོད་མེད་སོགས་ལ་བསྐྱར་ཞིབ་ཚད་ལྡན་ཞིག་བྱེད་མ་ཐུབ་ན། ལས་འགུལ་ཚང་མ་འཆར་ཅན་དང་རྒྱུན་སྲོལ་ལྟ་བུར་འགྱུར་ངེས་ཤིང། དེ་ལ་བརྟེན་ནས་མ་འོངས་པར་བོད་དོན་ལས་འགུལ་གྱི་ཐོག་ལ་གྲུབ་འབྲས་གང་ཡང་མེད་པ་ལྟ་བུར་ཡང་འགྱུར་སྲིད་པ་རེད།
བོད་དོན་གྱི་ཆེད་དུ་ཕྱིའི་རྒྱལ་ཁབ་ཀྱི་མཐོ་རིམ་དཔོན་རིགས་ཁག་གིས་རྒྱབ་སྐྱོར་གྱི་རྣམ་པ་ཇི་ལྟར་བསྟན་མིན་དང། གྲོས་ཚོགས་ཁག་ནས་གྲོས་ཆོད་ག་རེ་བཞག་མིན། དཔོན་རིགས་ཁག་དང་མཇལ་འཕྲད་ཇི་ལྟར་གནང་མིན་དེ་གལ་ཆེན་པོ་ཡིན་ནའང། བོད་དོན་ལས་འགུལ་གྱི་གྲུབ་འབྲས་ངོ་མ་དེ་གོང་དུ་དཔེ་མཚོན་དྲངས་པ་ལྟ་བུ་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་རེ་ཟུང་ཞིག་མཐོང་རྒྱུ་ཡོད་ན། མ་འོངས་པར་ཡང་ལས་འགུལ་གྱི་ཁ་ཕྱོགས་བརྟན་དུ་འགྲོ་བ་དང། ལས་འགུལ་ལ་རེ་བ་དང་ཡིད་ཆེས་ཆེ་རུ་འགྲོ་ངེས་པ་ལྟ་བུ་ལས། ད་ལྟའི་དུས་འདིར་བོད་དོན་འཐབ་རྩོད་རང་གི་ཐོག་ལ་སེམས་ཤུགས་ཆེན་པོ་ཡོད་མཁན་དང། འབད་བརྩོན་བྱེད་མཁན་ཉུང་ནས་ཉུང་དུ་འགྲོ་བཞིན་པའི་སྐབས་འདིར་ད་བར་སྤེལ་བཞག་པའི་ལས་འགུལ་ཁག་ལ་བསྐྱར་ཞིབ་དང་འབྲེལ། གྲུབ་འབྲས་མངོན་གསལ་ཅན་གང་དང་གང་ཐོབ་ཡོད་མེད་གསལ་ཁ་གཏོད་ཐུབ་དགོས་པ་དང། མ་འོངས་པར་ཁ་ཕྱོགས་གསར་པ་ཞིག་འཚོལ་དགོས་མིན་སོགས་ཀྱང་དོན་དངོས་ཀྱི་མཇུག་འབྲས་ལ་གཞིགས་ནས་བསམ་བློ་གཏོང་དགོས་པའི་དུས་ལ་བབ་འདུག།