བུད་མེད་གཉིས་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག
ཟླ་འདིའི་ཚེས་༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་གི་དྲུང་འཕར་ཚེ་རིང་ཆོས་འཛོམས་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དང་། རིག་འཛིན་ཆོས་སྒྲོན་སྦར་སིལ་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་འདུག

དེ་ཡང་ཕྱི་ཟླ་༤ ཚེས་༡ ཉིན་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་དོན་གཅོད་བརྗེ་ལེན་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བཅུ་དགུ་པའི་ནང་གསེས་༡ པོའི་དགོངས་དོན། ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ། ཞེས་གསལ་བ་ལྟར་བཀའ་དྲུང་ཡིག་ཚང་གི་དྲུང་འཕར་ཙ་ཚེ་རིང་ཆོས་འཛོམས་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བསྩལ་དོན་ལྟར་ལས་གཉེར་མཐོང་མཆན་འཐོན་མཚམས་ལས་ཁུར་འགོ་འཛུགས་རྒྱུ་ཞེས་སྤེལ་འདུག དེ་བཞིན་རིག་འཛིན་ཆོས་སྒྲོན་སྦར་སིལ་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བསྩལ་དོན་ལྟར་ཕྱི་ལོ་༢༠༢༢ ཟླ་༥ ཚེས་༡༦ ནས་ལས་ཁུར་འགོ་འཛུགས་གནང་རྒྱུ་ཞེས་གསལ་བསྒྲགས་སྤེལ་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།
