བུད་མེད་ལག་སྤོལ་རྩེད་འགྲན་སྐབས་དོན་འགྲུབ་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ།
ཟླ་འདིའི་ཚེས་༦ ཉིན་དྷ་ས་གངས་སྐྱིད་རྩེད་ཐང་དུ། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག “གློ་ནད་ཊི་བི་ཁ་གཏད་དུ་བུད་མེད་ལག་སྤོལ་འགྲན་སྡུར་ཐེངས་དང་པོའི་”རྩེད་འགྲན་མཐའ་མ་བྱས་ཏེ། ལྡེ་ར་ལྡིན་ཀ་ལི་མན་ཊོན་དོན་འགྲུབ་གླིང་རུ་ཁག་ལ་མཐའ་མའི་རྒྱལ་ཁའི་གཟེངས་རྟགས་ཐོབ་པ་དང་། བལ་ཡུལ་རུ་ཁག་ཨ་གཉིས་པ་ཆགས་ཡོད་པ་རེད།
རྩེད་འགྲན་འདི་ཕྱི་ཟླ་༧ ཚེས་༢ ཉིན་ནས་འགོ་འཛུགས་བྱས་ཡོད་པ་དང་། ༧ཏཱ་ལའི་བླ་མ་དགེ་རྩ་ཚོགས་པ་ནས་མཐུན་སྦྱོར་རོགས་དངུལ་སྤྲད་ཡོད་པ་རེད། བལ་ཡུལ་དང་། སྦེལ་ཀོབ། ལྡེ་ར་ལྡུན། སྦིར་སི་ཇཱ་བཅས་ཀྱི་ས་གནས་སོ་སོ་ནས་རུ་ཁག་རེ་རེ་དང་། དྷ་ས་ནས་རུ་ཁག་གསུམ་བཅས་ཁྱོན་བསྡོམས་རུ་ཁག་བདུན་མཉམ་ཞུགས་བྱས་ཏེ། སྦིར་སི་ཇཱ་སློབ་གྲྭར་རྩེད་མོ་གཙང་ཤོས་རྩེད་མཁན་གྱི་གཟེངས་རྟགས་དང་། སྒེར་པ་རྩེད་འགྲན་པ་ཡག་ཤོས་དོན་གྲུབ་གླིང་རུ་ཁག་གི་རྩེད་འགྲན་པ་ཨང་༡༡ པར་གཟེངས་རྟགས་སྤྲད་ཡོད་པ་རེད།
རྩེད་འགྲན་མཇུག་བསྡོམས་མཛད་སྒོའི་ཐོག་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ཕེབས་ནས། རྩེད་རིགས་ཀྱིས་འཕྲོད་བསྟེན་ལ་ཕན་ཐོགས་དང་། ཕན་ཚུན་ངོ་ཤེས་འབྲེལ་བ་ལ་ཕན་ཐོགས་ཡོད་པས། ཐོབ་ཤོར་མ་ཡིན་པར་ཚང་མ་རྩེད་འགྲན་ནང་མཉམ་ཞུགས་དགོས་སྐོར་དང་། འཕྲོད་བསྟེན་ལ་རྩེད་འགྲན་གཅིག་པུས་མི་ཕན་པར་རྒྱུན་ལྡན་ཟས་སྤྱོད་ལ་གཟབ་སྐོར་སྐོར་གསུངས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།