བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་རྒྱུ་རྐྱེན་མི་གསལ་བར་གློ་བུར་དུ་འདས་གྲོངས་ཕྱིན་འདུག

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་པར།

ཕྱི་ཟླ་༡༢ ཚེས་༡༤ ཉིན་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། བོད་ཀྱི་ཆབ་སྲིད་བཙོན་ཟུར་དཀོན་མཆོག་བློ་གྲོས་ལགས་ ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན་འདས་གྲོངས་སུ་གྱུར་ཡོད་འདུག་པ་དང་། ཁོང་འདས་གྲོངས་སུ་མ་ཕྱིན་པའི་ཉིན་གཅིག་གི་གོང་དུ་སྙུང་གཞི་སོགས་གང་ཡང་མེད་པར་བདེ་ཐང་ཡིན་འདུག་པས། ཁོང་གློ་བུར་དུ་འདས་གྲོངས་སུ་གྱུར་པ་དེར་ཁོང་རྒྱུས་མངའ་ཡོད་པའི་ཆབ་སྲིད་བཙོན་ཟུར་མང་པོས་ཡ་མཚན་དང་དོགས་པ་བྱེད་ཀྱི་ཡོད་འདུག
འདས་གྲོངས་སུ་གྱུར་པའི་ཆབ་སྲིད་བཙོན་ཟུར་དཀོན་མཆོག་བློ་གྲོས་ལགས་ནི་ལྷ་སའི་ཉེ་འགྲམ་ལམ་གྲོ་གོང་དཀར་རྒྱ་མ་ནས་ཡིན་པ་དང་། ཕྱི་ལོ་ ༡༩༩༢ ལོའི་ཟླ་ ༦ ཚེས་ ༣༠ ཉིན་རྒྱ་མ་ས་གནས་སུ་རྒྱ་ནག་གཞུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་ཞེས་པའི་ཚོགས་ཆེན་ཞིག་སྐོངས་འཚོགས་བྱེད་སྐབས། ཁོང་རྣམ་པས་བོད་ཀྱི་རྒྱལ་དར་ཕྱར་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་། འཆར་ལྡན་བུ་བཙའི་སྲིད་བྱུས་ཟེར་བ་ལ་ངོས་ལེན་མེད་ཅེས་ངོ་རྒོལ་སྐད་འབོད་གནང་བའི་རྗེས། ཁོང་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ལོ་ངོ་ ༡༣ གྱི་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ། ལྷ་སའི་གྲྭ་བཞི་བཙོན་ཁང་ནང་བཙོན་འཇུག་བྱས་འདུག་པ་དང་། སྐབས་དེར་ཁོང་གིས་མནར་གཅོད་མང་པོ་མྱངས་ཡོད་འདུག་པས། ༡༩༩༥ ལོ་མཇུག་ཏུ་སྨན་བཅོས་ཀྱི་མིང་ཐོག་ནས་བཙོན་གྲོལ་བཏང་ཡོད་ཀྱང་། ཁོང་གི་ལུས་པོ་གཅོང་ནད་ཅན་དུ་གྱུར་ཡོད་པ་རྒྱུས་ཡོད་ཚོས་ཤོད་ཀྱི་ཡོད་འདུག གཞན་ཡང་ཁོང་འདས་གྲོངས་སུ་ཕྱིན་དུས་དགུང་གྲངས་ལྔ་བཅུ་ང་གཉིས་ཙམ་ལས་ཕེབས་མེད་ཀྱང་སྙུང་གཞི་གང་ཕོག་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། བོད་ནང་གི་བཙོན་ཟུར་མང་པོ་ཞིག་ལོ་ངོ་ ༤༠ དང་ ༥༠ ཡས་མས་ནས་འདས་གྲོངས་སུ་འགྲོ་གི་ཡོད་པ་ཨ་རིར་གནས་བཞུགས་ཆབ་སྲིད་བཙོན་ཟུར་ངག་དབང་གསང་གྲོལ་ལགས་ཀྱིས་དེ་གའི་རླུང་འཕྲིན་ཁང་དུ་གསུངས་འདུག


གསར་འགོད་པ། བསྟན་འཛིན་ལམ་བཟང་།