བོད་ཀྱི་ཉིན་མོ་སྲུང་བརྩི།


ཁེ་ཎ་ཊའི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གི་གོ་སྒྲིག་འོག་ཁེ་ཎ་ཊའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་བོད་ཀྱི་ཉིན་མོ་སྲུང་བརྩི་གནང་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས་༡༣ ཉིན་ཁེ་ཎ་ཊའི་དབུས་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Arif Virani)་ལགས་ཀྱིས་འགོ་ཁྲིད་དེ།  གུ་ཡངས་ཆབ་སྲིད་ཚོགས་པའི་འཐུས་མི་དང་།  རྙིང་ཞེན་ཆབ་སྲིད་ཚོགས་པའི་འཐུས་མི། དེ་བཞིན་བོད་རིགས་གཞོན་སྐྱེས་ཁག་ཅིག་བཅས་ཀྱིས་ཁེ་ཎ་ཊའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་བོད་ཀྱི་ཉིན་མོ་སྲུང་བརྩི་གནང་འདུག་པ་དང་།
སྐབས་དེར་ཨོན་ཏྲེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ། ཁེ་ཎ་ཊའི་བོད་དོན་ལྷན་ཚོགས། ཀྲོ་རོན་ཀྲོ་ས་གནས་གཞོན་ནུ་ལྷན་ཚོགས། ཨོན་ཌེ་རི་ཡོ་ས་གནས་བུད་མེད་ལྷན་ཚོགས། ཨོ་ཌ་ཝ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཚོགས་པ་ཁག་མང་པོ་མཉམ་ཞུགས་གནང་ཡོད་འདུག
མ་ཟད་བོད་མིའི་གཞོན་སྐྱེས་ཁ་ཤས་ཀྱིས་གྲོས་ཚོགས་ཀྱི་འཐུས་མི་འགའ་དང་མཉམ་དུ་ཟླ་བ་གཉིས་ལྷག་རིང་ཁེ་ན་ཊའི་གྲོས་ཚོགས་ཀྱི་འཐུས་མི་ཚོའི་ལས་དོན་གནང་ཕྱོགས་དང་། བོད་ཀྱི་རྩ་དོན་དང་འབྲེལ་བའི་པར་རིས་སོགས་འགྲེམས་སྟོན། བོད་ནང་གི་གནས་སྟངས་ཐད་མྱོང་ཚོར་བརྗེ་རེས། བོད་པའི་ཟས་རིགས་གསོལ་སྟོན། དེ་བཞིན་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཚོས་བོད་དོན་དང་འབྲེལ་བའི་གཏམ་བཤད། དེ་བཞིན་བོད་ནང་གི་ཛ་དྲག་གི་གནས་སྟངས་གླེང་སློང་སོགས་གནང་ཡོད་འདུག
གཞན་ཡང་དེ་འབྲེལ་གྱིས་སྐུ་ཞབས་(Arif Virani)་ལགས་དང་(Garnet Genius)གཉིས་ཀྱིས་ཀྱང་ད་རེས་བོད་ཀྱི་ཉིན་མོ་སྲུང་བརྩི་ལམ་ལྷོང་ཡག་པོ་བྱུང་བ་དང་། ཟབ་སྦྱོང་གནང་མཁན་རྣམ་པས་བོད་པའི་རིག་གཞུང་དང་རྒྱལ་རབས་བཅས་ལ་གོ་རྟོགས་སྤེལ་བར་ཐུགས་རྗེ་ཞེས་དང་། བོད་རྒྱ་ཞི་མོལ་གྱི་གྲོས་མཐུན་མུ་མཐུད་རྒྱབ་སྐྱོར་གནང་གི་ཡིན་པར་བརྗོད་ཡོད་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།