བོད་ཀྱི་བུད་མེད་ཚོགས་པས་༧གོང་ས་མཆོག་ལ་གཟེངས་རྟགས་ཤིག་ཕུལ་ཡོད་པ་རེད།
༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་སླད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་གཉིས་པའི་ཐོག་གི་གྲོས་ཆོད་ལྟར། བྱམས་བརྩེའི་སློབ་དཔོན་གྱི་གཟེངས་རྟགས་ཞེས་པ་ཕུལ་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༡༣ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་རྣམས་དང་ཚོགས་མི་བརྒྱ་ཙམ་དྷ་སའི་ཕོ་བྲང་ནང་དུ་བཅར་ནས་༧གོང་ས་མཆོག་ལ་གཟེངས་རྟགས་དེ་ཕུལ་ཡོད་པ་རེད།
གཟེངས་རྟགས་དེ་ཕུལ་སྐབས་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། “ང་ཚོ་རྒྱ་གར་ལ་སླེབས་ནས་ཐོག་མར་གཞོན་ནུ་ཚོགས་པ་བཙུགས་མ་རེད་དམ། རིམ་པས་བུད་མེད་ཚོགས་པ་བཙུགས་རེད་ལ། སྐབས་ཞིག་ལ་བུད་མེད་ཚོགས་པ་ཅུང་ཉམས་རེད། དེ་དུས་མི་ཞིག་ཡོད། ནོར་ཡོན་རེད་པེ། སེམས་ཤུགས་ཆེན་པོ་ཞེ་དྲག་ཅིག་ཡོད་རེད། བོད་རང་བཙན་ཐོབ་ན་ལམ་སང་ང་ལ་མ་ལབ་ཨ། དགའ་དྲགས་ནས་ང་འགྱེལ་ས་རེད་ཟེེར། དེ་ནས་བུད་མེད་ཚོགས་པ་བསྐྱར་གསོ་བྱས་ཏེ། ཁྱེད་རང་ཚོས་ཧུར་ཐག་བྱས་རེད། གང་ལྟར་མིའི་སྤྱི་ཚོགས་གང་ཡིན་ནའང་ཕྱེད་ཀ་ཧ་ལམ་བུད་མེད་ཡིན་པ་རེད། འཛམ་གླིང་འདིའི་ཐོག་བྱམས་བརྩེ་ཡར་རྒྱས་གཏོང་ཡ་ལ། ཚན་རིག་པས་བཤད་ཀྱི་འདུག་ཨ། བྱམས་བརྩེར་རང་བཞིན་གྱིས་བུད་མེད་ཚོར་ཚོར་ཤུགས་ཆེ་བ་ཡོད་རེད། དངོས་ཡོད་གནས་ཚུལ་ལ་ཆ་བཞག་ན་ལོ་རྒྱུས་ནང་དཔའ་བོ་ཟེར་བ་དེ་ཚོ་མི་གསོད་མཁན་རེད། མང་ཆེ་བ་སྐྱེས་པ་ལས་བུད་མེད་ཉུང་ཉུང་རེད། རེ་ཟུང་ཡོང་གི་རེད། དེ་རིང་ཁ་སང་ཡིན་ན་ཤན་པ་ཟེར་བ་དེ་ཚོ་སྐྱེས་པའི་རིགས་མང་བ་ལས་བུད་མེད་ཕལ་ཆེར་ཡོད་མ་རེད། བུད་མེད་ཚོས་བྱམས་
བརྩེ་ཡར་རྒྱུས་གཏོང་བ་ལ་སློབ་གསོའི་ཐོག་ནས། དགེ་རྒན་དེ་འདྲར་ཤུགས་རྒྱག་རྒྱུ་གལ་ཆེན་པོ་འདུག སྔོན་ལ་སོ་སོའི་ཁྱིམ་ཚང་ནང་ཕྲུ་གུར་བྱམས་བརྩེས་ལྟ་སྐྱོང་ཡག་པོ་བྱས། ང་ལ་བྱམས་བརྩེ་ངོ་སྤྲོད་གནང་མཁན་གྱི་བླ་མ་དང་པོ་དེ་ངའི་ཨ་མ་རེད། ཨ་མ་ལགས་སེམས་པ་བཟང་པོ་ཞེ་དྲག་རེད། ཨ་མ་ལགས་ཀྱིས་གདོང་ནག་པོ་བསྟན་པ་ཕལ་ཆེར་ང་ཚོས་མཐོང་མ་མྱོང་། ཕྲུ་གུ་ཆུང་ཆུང་སྐབས་ནས་ངའི་ཨ་མ་དེ་བྱམས་བརྩེ་ལྡན་པ་ཞེ་དྲག་ཡོད་བསམ་པའི་བག་ཆགས་འཇོག་ཐུབ་ན། སོ་སོའི་ཁྱིམ་ཚང་ནང་བྱམས་བརྩེ་ལྡན་པ་ཡག་པོ་ཞིག་བྱུང་ན། ག་ལེར་ཁྱིམ་ཚང་རོགས་པ་ཚོར་ཤུགས་རྐྱེན་ཡོང་གི་རེད། དེ་མིན་གནམ་ནས་ཆར་པ་འབབ་བཞིན་ཡོང་གི་མ་རེད་”ཅེས་གསུངས་ཡོད་པ་རེད།
༧གོང་ས་མཆོག་གིས། “བུད་མེད་ཚོས་ང་ལ་བྱ་དགའ་སྤྲད་པ་རེད། ཐུགས་རྗེ་ཆེ། ཁྱེད་ཚོས་ང་ལ་བསྟོད་བསྔགས་བཏང་བ་དེ་ཁྱེེད་རང་ཚོས་ལག་ལེན་བསྟར་དགོས་རེད་ད། ང་ཚོ་མི་གཅིག་པ་རེད། ༧རྒྱལ་བ་རིན་པོ་ཆེ་འཕགས་པ་སྤྱན་རིས་གཟིགས་རེད། འདྲ་ཡི་མ་རེད་ཅེས་པའི་སྐད་ཆ་མིན་པར། ང་ཨ་མདོའི་ཕྲུ་གུ་ཞིག་རེད། ཨ་མའི་ཁོག་ནས་སྐྱེས་པ་གཅིག་པ་རེད། སེམས་ཁམས་ཀྱི་གནས་སྟངས་དེ་ཚོ་གཅིག་པ་རེད། ཧུར་ཐག་གྱིས་ཤོག་ཨ་”ཞེས་གསུངས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
