བོད་ཁྱིམ་སློབ་གྲྭ་རྣམས་འཛིན་གྲྭ་དངོས་སུ་འཚོགས་རྒྱུ་རེད་འདུག
རྒྱ་ནག་ནས་ཁྱབ་གདལ་སོང་བའི་ཏོག་དབྱིབས་ནད་དུག་ལ་བརྟེན་ནས། བོད་ཁྱིམ་སློབ་གྲྭ་རྣམས་སྒོ་བརྒྱབ་ནས་ལོ་གཅིག་སོང་རྗེས། འཛིན་གྲྭ་རྣམས་དངོས་སུ་འཚོགས་རྒྱུ་ཡིན་འདུག་པ་དང་། དེ་ཡང་སྡེབས་འཚོགས་མ་ཡིན་པར། འཛིན་གྲྭ་འདྲ་མིན་རིམ་བཞིན་འཚོགས་རྒྱུ་གཏན་འཁེལ་བྱུང་ཡོད་ཁར། ཕ་མའི་མོས་མཐུན་ཡོད་པའི་ངོས་སྦྱོར་མཉམ་འཁྱེར་དགོས་ཀྱི་འདུག
དེ་ཡང་ཟླ་༢ པའི་ཚེས་༡༧ ཉིན་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་ནས་སྤེལ་བའི་གསལ་བསྒྲགས་སུ་འཁོད་དོན། རྒྱ་ནག་ཧུ་ཧན་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་གཉན་རིམས་༡༩ ཉེན་སྐྱོབས་ཆེད་ཕྱི་ལོ་༢༠༢༠ ཕྱི་ཟླ་༣ ཚེས་༣ ནས་བོད་ཁྱིམ་སློབ་སྡེ་ཁག་སློབ་སྒོ་བརྒྱབ་ཏེ་ད་བར་ལོ་གཅིག་ཙམ་རིང་རྒྱ་གར་དབུས་ས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་ཐོག་འཛིན་གྲྭ་དངོས་སུ་འཚོགས་ཐུབ་མེད་ཀྱང་། དྲ་ལམ་བརྒྱུད་དྲ་ཐོག་སློབ་འཁྲིད་ཞུས་དང་ཞུ་བཞིན་པ་ཡིན། ད་ཆ་རྒྱ་གར་དབུས་ས་གཉིས་ནས་སློབ་གྲྭ་ཁག་རིམ་གྱིས་འཚོགས་འཐུས་ཆོག་པའི་བཀོད་རྒྱ་བཞིན། བོད་ཁྱིམ་སློབ་གྲྭ་ཁག་ཀྱང་སྡེབས་འཚོགས་མ་ཡིན་པར་རིམ་བཞིན་འཚོགས་རྒྱུའི་གཏན་འཁེལ་ཟིན་ལགས་ན། གཤམ་གྱི་གནད་དོན་རྣམས་ལ་ཐུགས་སྣང་ཐོག་ཕྱག་བསྟར་ཡོང་བའི་གསལ་བསྒྲགས་སྤེལ་འདུག
ཀ སློབ་གྲྭར་འབྱོར་དུས།
༡། ཕྱི་ལོ་༢༠༢༡ ཕྱི་ཟླ་༣ ཚེས་༡ ལ་འཛིན་གྲྭ་ལྔ་པ། བརྒྱད་པ། བཅུ་པ་དང་བཅུ་གཉིས་གསར་པའི་སློབ་ཕྲུག་རྣམས་སློབ་གྲྭ་སོ་སོར་འབྱོར་དགོས་ཤིང་། བདུན་ཕྲག་གཅིག་རིང་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་རྒྱུ།
༢། ཕྱི་ལོ་༢༠༢༡ ཕྱི་ཟླ་༣ ཚེས་༡༡ ལ་འཛིན་གྲྭ་དྲུག་པ། བདུན་པ་དང་དགུ་པའི་པའི་སློབ་ཕྲུག་རྣམས་སློབ་གྲྭ་སོ་སོར་འབྱོར་དགོས་ཤིང་། བདུན་ཕྲག་གཅིག་རིང་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་རྒྱུ།
༣། ཕྱི་ལོ་༢༠༢༡ ཕྱི་ཟླ་༣ ཚེས་༢༢ ལ་འཛིན་བཞི་པ་དང་བཞི་པ་མན་གྱི་སློབ་ཕྲུག་རྣམས་སློབ་གྲྭ་སོ་སོར་འབྱོར་དགོས་ཤིང་། བདུན་ཕྲག་གཅིག་རིང་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་རྒྱུ།
༤། ཕྱི་ལོ་༢༠༢༡ ཕྱི་ཟླ་༣ ཚེས་༡ ནས་རྡ་ས་བོད་ཁྱིམ་ཉིན་སློབ་དང་ལྡི་ལི་བོད་ཁྱིམ་ཉིན་སློབ་རྣམས་སློབ་གྲྭ་འཚོགས་རྒྱུ།
༥། གནས་ཚུལ་ཞིབ་ཕྲ་འབྲེལ་ཡོད་སློབ་སྡེ་སོ་སོར་འབྲེལ་བ་གནང་འཐུས།
ཁ། ཐུགས་སྣང་དགོས་པའི་གནད་དོན།
༡། ཕྲུ་གུའི་ཕ་མས་མོས་མཐུན་ཡོད་པའི་ངོས་སྦྱོར་འགན་ཡིག་མཉམ་འཁྱེར་དགོས།
༢། རབ་བྱུང་ན་ཏོག་དབྱིབས་གཉན་རིམས་༡༩ བརྟག་དཔྱད་གནང་བའི་ངོས་སྦྱོར་མཉམ་འཁྱེར་དགོས། ༣། གོང་དུ་བཀོད་པའི་འབྱོར་ཚེས་ལ་དེ་དང་དེའི་འཛིན་གྲྭའི་ཕྲུ་གུ་མ་གཏོགས་སློབ་བཞེས་གནང་རྒྱུ་མིན། ༤། འཛིན་རིམ་དགུ་པ་ཡན་གྱི་སློབ་མ་རྣམས་ནས་ལག་ཐོགས་ཁ་པར་སོགས་མཉམ་འཁྱེར་ཆོག་ཀྱང་། བོར་བརླག་སོགས་བྱུང་ཚེ་སློབ་གྲྭར་འགན་མེད་པ་མ་ཟད། ཁ་པར་སོགས་བེད་སྤྱོད་གཏོང་ཕྱོགས་ཐད་སློབ་གྲྭ་ནས་སྟངས་འཛིན་དམ་དོན་ཞུ་རྒྱུ།
༥། སླད་མ་འོངས་པར་རྒྱ་གར་དབུས་ས་གཉིས་ནས་བཀོད་ཁྱབ་དང་བོད་ཁྱིམ་ནང་སློབ་གྲྭ་ཚོགས་མ་ཐུབ་པའི་གནས་སྟངས་ཀྱི་འགྱུར་བ་བྱུང་ཚེ་སྐབས་དང་དུས་ལ་ཕ་མར་འབྲེལ་བ་ཞུ་འཐུས་བཅས་གསལ་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།