བོད་དོན་ཁྲིམས་འཆར་ཆེད་དུ་སྲིད་སྐྱོང་ཨ་རིར་ཕེབས་རྒྱུ་རེད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས། ཨ་རིར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སོ་སོའི་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་གཏུག་ལས་འགུལ་སྤེལ་ནས། ཕྱི་ལོ་༢༠༢༡ ལོའི་ཟླ་༡ པོའི་ཚེས་༢༠ ཉིན་སྔོན་དུ་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་ཐབས་གནང་རྒྱུ་གལ་ཆེན་ཆགས་ཡོད་སྐོར་དང་། སྲིད་སྐྱོང་ཁོང་ཉིན་ཤས་རྗེས་ཨ་རིར་ཁྲིམས་འཆར་དེའི་ཆེད་དུ་ཕེབས་གནང་རྒྱུ་ཡིན་སྐོར་གསུངས་སོང་།

ཟླ་༡༡ པའི་ཚེས་༡༠ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས། ཨ་རིའི་སྲིད་འཛིན་འདེམས་ཐོན་སྐུ་ཞབས་རྗོ་བྷའེ་ཌན་དང་སྲིད་འཛིན་གཞོན་པ་འདེམས་ཐོན་ལྕམ་ཀཱ་མ་ལཱ་ཧེ་རི་སེ་གཉིས་ལ་མཚམས་འདྲི་ཞུས་ཟིན་པ་དང་། ད་ལྟའི་ཆར་འོས་གྲངས་རྩིས་བཤེར་མུ་མཐུད་འགྲོ་བཞིན་པ་དང་ཁྲིམས་ཀྱི་གནད་དོན་ཁག་ཅིག་འགྲོ་བཞིན་ཡོད་པ་རེད་དེ། ཕྱི་ལོ་༢༠༢༡ ལོའི་ཟླ་༡ པོའི་ཚེས་༢༠ རྗེས་སུ་སྲིད་གཞུང་གསར་པ་ཞིག་སླེབས་ཀྱི་ཡོད་པས། ད་ལྟའི་ཆར་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་དེའི་ལས་དོན་བརྒྱ་ཆ་༨༠ ནས་༩༠ བར་གྲུབ་ཟིན་ཡོད་ནའང་། ཁྲིམས་འཆར་དེ་ད་ལྟའི་ཆར་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་ནང་དུ་ལྷག་ནས་བསྡད་ཡོད་པས། དེ་ནས་རྒྱབ་སྐྱོར་ཐོབ་ཚེ། གྲོས་ཚོགས་གོང་མའི་ནང་དུ་སླེབས་ནས་འོས་བསྡུ་བྱས་ཏེ་མང་མོས་རྒྱབ་སྐྱོར་ཐོབ་ཚེ། སྲིད་འཛིན་ཊོམ་གྱིས་མིང་རྟགས་བཀོད་ནས་ཁྲིམས་སུ་གཏན་འབེབས་ཆགས་རྒྱུ་ཡིན་པ་རེད། གལ་ཏེ་ད་ཡོད་སྲིད་གཞུང་སྐབས་སུ་ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་མ་ཐུབ་ཚེ། སྲིད་གཞུང་གསར་པའི་སྐབས་སུ་གྲོས་ཚོགས་ཀྱང་གསར་པ་ཡིན་པས། ཁྲིམས་འཆར་གྱི་ལས་དོན་དེ་བསྐྱར་དུ་འོག་ནས་འགྲོ་དགོས་ཀྱི་ཡོད་པས་དུས་ཡུན་རིང་པོ་འགོར་རྒྱུ་ཡིན་པས། ཨ་རིར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སོ་སོའི་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་གཏུག་ལས་འགུལ་སྤེལ་དགོས་པའི་རེ་སྐུལ་ཞུས་སོང་།

ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་ཐུབ་རྒྱུ་ཡིན་པ་ངེས་གཏན་མེད་ཀྱང་རེ་བ་ཡོད་པས། སྲིད་སྐྱོང་ཁོང་ཉིན་ཤས་རྗེས་ཨ་རིར་ཆེད་ཕེབས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་སོགས་དང་ཐུག་འཕྲད་ཀྱིས་འབད་བརྩོན་གནང་རྒྱུ་ཡིན་སྐོར་གསུངས་སོང་། །

གསར་འགོད་པ་སྐལ་བཟང་དོན་གྲུབ།