རྒྱ་གར་གྱི་རྩ་རླུང་སྒོམ་སྦྱང་གི་སློབ་དཔོན་ཆེན་མོ་དྷ་སར་ཕེབས་པ།
ཟླ་འདིའི་ཚེས་༡༤ ཉིན་རྒྱ་གར་གྱི་རྩ་རླུང་སྒོམ་སྦྱང་གི་སློབ་དཔོན་ཆེན་མོ་སི་ཝཱ་མི་རམ་ཌི་ཝ་མཆོག ཧི་མ་ཅལ་མངའ་སྡེ་དྷ་སའི་ས་གནས་ཁག་ཏུ་ཕེབས་འབྱོར་བྱུང་བ་དང་བསྟུན་ནས། དྷ་ས་བོད་མིའི་ས་གནས་འགོ་འཛིན་གྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཡོད་པ་རེད། དང་ཐོག་༧གོང་ས་མཆོག་གི་ཕོ་བྲང་དང། གཙུག་ལག་ཁང་གི་སྐུ་རྟེན་གྱི་དྲུང་དུ་མཇལ་ཕྱག་གྲུབ་རྗེས། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་དང། ཆོས་རིག་བཀའ་བློན། དྷ་སའི་ཉེ་འཁོར་གྱི་གྲྭ་བཙུན་དང་མི་མང་བཅས། གཙུག་ལག་ཁང་གི་མདུན་ཐང་དུ་འདུ་འཛོམས་གནང་སོང།
ཟམ་གདོང་རིན་པོ་ཆེ་མཆོག་གིས། སྐུ་ཞབས་སི་ཝཱ་མི་རམ་ཌི་ཝ་མཆོག་༧གོང་ས་མཆོག་ལ་དད་འདུན་ཆེན་མོ་ཡོད་མཁན་ཞིག་རེད་ལ། དེ་རིང་འདིར་ཕེབས་དོན་ནི་ཁོང་གིས་བོད་ཀྱི་གྲྭ་བཙུན་རྣམས་གཙོ་བོར་གྱུར་པའི་བོད་མི་རྣམས་ལ་ཐུག་འདོད་ཡོད་སྐོར་གསུངས་པ་ལྟར་གདན་འདྲེན་ཞུས་པ་རེད། ད་ལྟའི་སྐབས་སྐུ་ཞབས་ཁོང་རྒྱ་གར་གྱི་སྲོལ་རྒྱུན་གྱི་རིག་གནས་དང། རྩ་རླུང་སྒོམ་སྦྱང་གི་ཐད་ལ་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་མཚན་སྙན་གྲགས་ཆེན་པོ་ཞེ་དྲག་རེད་ཅེས། གསར་འགོད་པའི་དྲི་བར་ལན་འདེབས་གནང་སོང།
སྐུ་ཞབས་སི་ཝཱ་མི་རམ་ཌི་ཝ་མཆོག་གིས། ༧གོང་ས་མཆོག་གི་མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ་ཡོད་པ་དང། ཁོང་གི་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱིས་སྐྱེ་འགྲོ་ཀུན་ལ་གཟིགས་རྒྱང་ཡངས་པ། འདི་དང་འབྲེལ་ནས་བོད་མི་ཚོས་ཁོང་གི་བཀའ་དྲིན་ལ་བརྟེན་ནས། སྲོལ་རྒྱུན་གྱི་རིག་གནས་དང་དམིགས་སུ་བཀར་ནས། རྒྱ་གར་ནས་དར་ཁྱབ་བྱུང་བའི་ནང་པའི་ལྟ་གྲུབ་སོགས་སྲུང་སྐྱོབས་ཐུབ་པ་ནི་དགའ་འོས་པ་ཞིག་རེད་ཅེས་དང། དེ་བཞིན་རྩ་རླུང་སྒོམ་མཁན་ཚོའི་གཟུགས་དབྱིབས་ཇི་ལྟར་ཡིན་མིན། སྒོམ་གྲུབ་བྱས་ན་ཕན་ཐོགས་གང་ཡོད་མེད་བཅས་ཀྱི་སྐོར་ངོ་སྤྲོད་རོབ་ཙམ་གནང་བ་དང་། ཆོས་རིག་བཀའ་བློན་མཆོག་གིས་མཇུག་སྡོམ་གྱི་གསུང་བཤད་གནང་རྗེས། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པ་ཆེ་མཆོག་གིས། ཐུབ་དབང་གི་སྐུ་འདྲ་དང་མཇལ་དར་བཅས་གསོལ་རས་གནང་ནས་མཛད་སྒོ་མཇུག་བསྡུ་གནང་སོང་།།
{jcomments on}