བོད་དོན་གླེང་སློང་བྱས་པར་རྒྱ་ནག་གིས་ངོ་རྒོལ་བྱས་འདུག

ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་འབྲེལ་ནས། བོད་དོན་ཐོག་ལ་ཡང་གླེང་སློང་བྱས་འདུག་པ་དེར་རྒྱ་ནག་གིས་ངོ་རྒོལ་དང་སྐྱོན་བརྗོད་བྱས་འདུག

དེ་ཡང་ཟླ་༦ ཚེས་༡༥ ཉིན་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་དང་། ཡུ་རོབ་མཐུན་ཚོགས་ཀྱི་འགན་འཛིན་ཆར་ལེ་སི་མ་ཡི་ཀེལ། ཡུ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཁང་གི་འགན་འཛིན་ལྕམ་ཨུར་སུ་ལ་ཝོན་ཌེར་ལེ་ཡེན་བཅས་དབུ་བཞུགས་ཐོག ཨ་རི་དང་ཡུ་རོབ་མཐུན་ཚོགས་གཉིས་ཀྱིས་སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་ནང་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་ཡོད་པ་དང་། ཚོགས་འདུ་གྲོལ་རྗེས་ཨ་རི་དང་ཡུ་རོབ་སྤྱི་མཐུན་ཚོགས་པ་གཉིས་ཀྱིས་ཐུན་མོང་གིས་བསྒྲགས་གཏམ་ཞིག་སྤེལ་སྐབས། རྒྱ་ནག་གིས་བོད་དང་ཡུ་གུར་ས་གནས་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་སྐོར་བརྗོད་འདུག

རྒྱ་ནག་ཕྱི་སྲིད་བློན་གྱིས་ཨ་རི་དང་ཡུ་རོབ་ཀྱིས་སོ་སོའི་དཀའ་ངལ་ལ་བསམ་ཞིབ་བྱེད་དགོས་པ་དང་། རྒྱ་ནག་གི་ནང་སྲིད་ལ་སློབ་གསོ་རྒྱག་པའི་ཆ་རྐྱེན་ཚང་གི་མེད་སྐོར་བརྗོད་འདུག

དེ་བཞིན་ཟླ་༦ ཚེས་༡༤ ཉིན་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྱད་མཁས་པ་གྲངས་བཅུ་གཉིས་ཀྱིས་ཧ་ཅང་ཐུགས་འཚབ་ཆེན་པོའི་སྒོ་ནས་རྒྱ་ནག་གིས་བཙོན་འོག་ཏུ་ཡོད་པའི་བོད་པ་དང་། རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ། ཡུ་གུར་མི་རིགས། ཡི་ཤུ་བཅས་དམིགས་སུ་བཀར་ཏེ་ཁོང་ཚོའི་འདོད་མོས་མེད་བཞིན་དུ་ནང་ཁྲོལ་བཏོན་པའི་སྐོར་ཡིད་བརྟན་འཕེར་བའི་གནས་ཚུལ་འབྱོར་བའི་གསར་འགོད་གསལ་བསྒྲགས་སྤེལ་འདུག།།

གསར་འགོད་པ་སྐལ་བཟང་དོན་གྲུབ།