བོད་དོན་རང་ཐག་རང་གཅོད།

ཆེད་བརྗོད།

བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོ་བྱེད་པར་ད་ལྟའི་མི་རབས་འདིས། ཆོས་དང། སྐད་ཡིག རིག་གནས་བཅས་རྒྱུན་འཛིན་དང། ཆབ་སྲིད་ཀྱི་ཐོག་ནས་འཐབ་རྩོད་བར་མ་ཆད་པར་བྱེད་མ་ཐུབ་ན་ལོ་རྒྱུས་ཀྱི་ཉེས་ཅན་པར་འགྱུར་ངེས་རེད། ལྷག་པར་དུ་ད་ལྟའི་དུས་ཚོད་འདི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་གིས་ཕན་ཚུན་ཁ་གཏད་གཅོད་རྒྱུའི་གྲ་སྒྲིག་དང། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ཤོག་ཁག་དང་དཔུང་སྒྲིག་བྱེད་པའི་དུས་ཚོད་ཅིག་ཏུ་སླེབས་ཡོད་སྟབས། བོད་དོན་འཐབ་རྩོད་ཀྱི་ཐོག་ནས་བཤད་ཀྱང་སྔར་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་འོག་སྡོད་རྒྱུའི་གྲ་སྒྲིག་དང་བསམ་བློ་ཡོད་ཅེས་བརྗོད་པ་དང། དེ་འབྲེལ་རྒྱལ་སྤྱིའི་སྟེང་ནས་རྒྱབ་སྐྱོར་འཐོབ་ཐབས་ཀྱི་ལས་འགུལ་མུ་མཐུད་སྤེལ་ན། རིམ་པས་རྒྱ་ནག་དང་འབྲེལ་བའི་རྩོད་རྙོག་ནང་ནས་བོད་དོན་དེ་རིམ་པ་ལྔ་པ་དྲུག་པ་ཞིག་ཏུ་འགྱུར་རྒྱུ་ལས་ལྷག་མེད། དེར་བརྟེན་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་འགྱུར་བ་ཞིག་གཏོང་རྒྱུ་དེ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད།

འཛམ་གླིང་གི་འགྱུར་ལྡོག་ཁྲོད་རྒྱ་གཞུང་ལ་ཕྱོགས་ཡོངས་ནས་གྱོང་གུད་ཆེན་པོ་རག་རྒྱུའི་ཉེན་ཁ་ཡོད་པ་མ་ཟད། སྡུག་ས་ནས་བཤད་ན་ད་ལན་ཡོ་འཁྱོམས་འདིའི་ཤུགས་རྐྱེན་ལ་བརྟེན་ནས་ནམ་ཞིག་ཁ་འཐོར་དུ་འགྲོ་མི་སྲིད་པའང་མ་རེད། དེ་ནི་བོད་པ་ལ་མཚོན་ན་གོ་སྐབས་ཉག་གཅིག་ཏུ་གྱུར་ཡོད་པས་མུ་མཐུད་རྒྱ་གཞུང་གི་མཉམ་སྡོད་རྒྱུ་ཁོ་ནའི་ལངས་ཕྱོགས་མཁྲེགས་འཛིན་མི་བྱེད་པར། གོ་སྐབས་དང་ལམ་ཁ་གང་ཡོད་ལ་བསམ་བློ་གཏོང་དགོས། སྔོན་མ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྤྱིའི་གྲང་དམག་གི་མཇུག་འབྲས་ལ་བརྟེན་ཕྱི་ལོ་༡༩༩༡ ལོར་འཐོར་ཞིག་སོང་བ་དང། རྒྱ་གཞུང་གིས་དེའི་ཉམས་མྱོང་ལ་བརྟེན་ནས་ཉེན་ཁ་དེ་དག་ལ་གདོང་ལེན་བྱེད་ཐུབ་པའི་ཚོད་དཔག་བྱེད་མཁན་ཡོད་ཀྱང། དྲ་རྒྱས་དབང་བསྒྱུར་བའི་དུས་རབས་ཉེར་གཅིག་པར་སྔར་བཞིན་སྲིད་གཞུང་གཅིག་གིས་ཡོངས་རྫོགས་ཁ་ལོ་སྒྱུར་དཀའ་ཞིང། ཉེ་ཆར་བོད་ནང་དུ་མི་མང་པོ་འུ་ཐུག་སྟེ་རང་ཉིད་བློས་གཏོང་གིས་གདོང་པ་བསྟན་ནས་བསམ་ཚུལ་ཤོད་མཁན་ཡང་གང་མང་ཡོང་གི་འདུག།

ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་པའི་གྲོས་འཆར་ཞིག་སླེབས་ཡོད་པ་དང། སྔོན་མཉམ་འབྲེལ་རྒྱལ་ཚོགས་སུའང་འདི་ལྟ་བུའི་གྲོས་ཆོད་སྔ་རྗེས་འཇོག་མྱོང་བས། བོད་དོན་འཐབ་རྩོད་ཀྱི་ཐོག་ནས་འདས་པའི་མི་ལོ་༤༠ ཙམ་གྱི་རིང་བྱུང་མྱོང་མེད་པའི་གོ་སྐབས་འདི་དམ་འཛིན་ཐུབ་ན་བོད་ལ་རེ་བ་གསར་པ་ཞིག་རྒྱག་ཆོག ཅིག་བྱས་ན་ད་ལན་གྱི་ཡོ་འཁྱོམས་འདི་རྒྱ་ནག་གི་གོ་སྐབས་ཤིག་ཏུའང་འགྱུར་མི་སྲིད་པ་མིན་པས། མ་འོངས་པར་རྒྱ་ནག་རྒྱལ་སྤྱིའི་སྟེང་ནས་ཤུགས་རྐྱེན་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་འགྱུར་སྲིད་པའི་དབང་དུ་བཏང་ཡང། ད་ལྟ་བོད་པས་བོད་དོན་འཐབ་རྩོད་ཀྱི་ཐོག་ནུས་པ་གང་ཡོད་བཏོན་པ་དེས། མ་འོངས་པའི་བུ་ཚ་ཕྱི་རབས་པ་རྣམས་ལ་མིག་དཔེ་བཟང་པོ་ཞིག་ཏུ་ངོས་འཛིན་བྱེད་ཆོག་ལ། ཁོང་རྣམ་པའི་མདུན་དུ་ངོ་གནོང་མི་དགོས་པ་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་བརྒྱབ་ནའང་མི་ཆོག་པ་མེད། ད་ལྟ་ང་ཚོའི་མིག་མདུན་དུ་ཡོད་པའི་གོ་སྐབས་འདི་དོན་མེད་ཆུད་ཟོས་སུ་སོང་ན་ལོ་རྒྱུས་ཀྱི་ཉེས་ཅན་པར་འགྱུར་རྒྱུ་ཉག་གཅིག་རེད།

རྩ་བས་བོད་དོན་འཐབ་རྩོད་ཀྱི་ཐོག་མཐའ་མའི་ཐག་གཅོད་དེ་གཞིས་བཞུགས་རྒྱ་ཆེའི་མི་མང་གིས་གནང་དགོས་པ་ལས། བཙན་བྱོལ་ནང་ཡོད་པའི་བོད་མི་འབུམ་གཅིག་ལྷག་ཙམ་གྱིས་ཡོངས་སུ་ཐག་གཅོད་བྱེད་ཆོག་ཆོག་ཅིག་ཡིན་མིན་ཡང་བསམ་བློ་གཏོང་དགོས་པ་ཞིག་རེད། བོད་ནང་གི་བོད་མི་རྣམས་ཀྱིས་བོད་དོན་ཐག་གཅོད་བྱེད་པའི་གོ་སྐབས་ཡག་ཤོས་རག་ཆེད་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད་པ་དང། དེའི་ཐབས་ལམ་གཙོ་བོ་ནི་རྒྱལ་སྤྱིའི་སྟངས་འཛིན་དང་དོ་དམ་འོག་བོད་ནང་དུ་ཡོད་པའི་བོད་མི་ཡོངས་ལ་རང་དབང་གི་ཐོག་ནས་རང་ཐག་རང་གཅོད་ཀྱི་གོ་སྐབས་ཤིག་འཚོལ་ཐུབ་ན། དེའི་མཇུག་འབྲས་གང་བྱུང་ཡང་ཁས་ལེན་མི་བྱེད་ཐབས་མེད་དུ་གྱུར་པ་རེད། འོན་ཀྱང་རྒྱ་གཞུང་གི་སྟངས་འཛིན་དྲག་གནོན་འོག་མང་མོས་འོས་བསྡུ་ལྟ་བུའི་རྣམ་པ་བསྟན་ཡང། དེ་ནི་དྲང་བདེན་ལས་ཡོངས་སུ་བརྒལ་བའི་བྱེད་སྟངས་ཤིག་ཏུ་འགྱུར་ངེས་པས་རྒྱལ་སྤྱིའི་ལྟ་རྟོག་གི་འོག་ནས་བོད་ལ་རང་ཐག་རང་གཅོད་ཀྱི་གོ་སྐབས་ཤིག་བསྐྲུན་དགོས།

མདོར་ན་བོད་ཀྱི་རྩ་དོན་འཐབ་རྩོད་དེ་ཁ་ཕྱོགས་གཅིག་གི་ཐོག་འབབ་དགོས་པ་དེ་གལ་ཆེན་པོ་ཡིན་པས། རྩ་བ་བཞག་ནས་ཡལ་ག་ཁོ་ན་བརྩད་པས་གྲུབ་འབྲས་ཆེན་པོ་ཞིག་ཡོང་རྒྱུའི་རེ་བ་གང་ཡང་མེད། དང་པོ་བོད་དོན་ཐག་གཅོད་ཀྱི་གཞི་འཛིན་ས་གཙོ་བོ་གཞིས་བཞུགས་རྒྱ་ཆེའི་མི་མང་གི་བསམ་ཚུལ་ཡིན་དགོས་པ་དང། དེ་ཡང་རྒྱལ་སྤྱིའི་སྟངས་འཛིན་དང་དོ་དམ་འོག་བོད་ནང་དུ་རང་ཐག་རང་གཅོད་ཀྱི་གོ་སྐབས་ཤིག་བསྐྲུན་ཐུབ་པ་བྱ་རྒྱུ་ཁོ་ནའི་ཆེད་འབད་བརྩོན་བྱེད་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད། གཞན་བཙན་བྱོལ་ནང་རང་བཙན་དང། ལམ་དབུ་མའི་དོན་དུ་རྩོད་པ་ཙག་ཙིག་རེ་བརྒྱབ། དེ་དག་དང་འབྲེལ་བའི་ལས་འགུལ་ཉི་ཚེ་བ་རེ་སྤེལ་ནས་མུ་མཐུད་བསྡད་ན་ཚོགས་པ་དེ་དག་གནས་སྐབས་ཙམ་སྒོ་རྒྱག་མི་དགོས་ཙམ་ཡོང་རྒྱུ་ལས། རྩ་དོན་འཐབ་རྩོད་ཀྱི་ཐོག་ནས་གྲུབ་འབྲས་ཡོང་རྒྱུའི་རེ་བ་གང་ཡང་མེད། གཞིས་བཞུགས་བོད་མི་རྣམས་ཀྱི་དགོངས་ཚུལ་དེ་རྟོགས་པའི་རྗེས་སུ་བཙན་བྱོལ་བོད་མིས་དེ་ལུགས་ཀྱིས་ཤུགས་རྒྱག་དགོས་སྙམ།།

Share this:

Leave a Reply