བོད་ནང་གི་ཆབ་སྲིད་བཙོན་པ་ཚོར་གུས་བརྩི་དང་ཆེ་མཐོང་སྤྲོད་དགོས་རེད།

ཟླ་འདིའི་ཚེས་༢༧ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་དྷ་ས་མེག་གྷན་ཡོངས་གླིང་སློབ་གྲྭའི་ནང་དུ་“༢༠༡༥ ལོའི་བོད་ནང་འགོག་རྒོལ་ལས་འགུལ་”སྐོར་ལ་གཏམ་བཤད་ཅིག་གོ་སྒྲིག་བྱས་ཡོད་པ་དང་། དེར་རྩོམ་པ་པོ་དང་ལས་འགུལ་བ་ཁག་ཅིག་གིས་གཏམ་བཤད་བྱས་ཡོད་པ་རེད།

IMG_1552བོད་ལ་རྒྱ་ནག་གིས་བཙན་འཛུལ་བྱས་པ་ནས་བཟུང། རྒྱའི་བཙོན་འོག་ཏུ་བོད་ཀྱི་ཆབ་སྲིད་བཙོན་པ་ཆེས་མང་པོ་འདས་གྲོངས་དང་མནར་གཅོད་མྱོང་མཁན་སོགས་ཧ་ཅང་མང་པོ་བྱུང་ཡོད་པ་ཚོ་གཙོས། འདི་ལོར་ཆབ་སྲིད་བཙོན་པ་བཙོན་གྲོལ་ཐོབ་པ་ཤེས་རྟོགས་བྱུང་བ་༣༠ ཙམ་ཡོད་པ་ཚོར་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་གཏམ་བཤད་དེ་གོ་སྒྲིག་བྱས་ཡིན་འདུག

ཚོགས་ཐོག་ཏུ་ཆབ་སྲིད་བཙོན་པ་ཚོའི་པར་སྒྲིག་གཤོམ་གྱི་ཁ་བཏག་འཐེན་པ་པ་དང་། བོད་ནང་ཆབ་སྲིད་བཙོན་པ་ཁག་ཅིག་གིས་བྲིས་པའི་རྩོམ་ཡིག་སྒྲོགས་སྦྱང་བྱས་ཡོད་པ་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་ཚེ་ལྷས། “བོད་ནང་གི་རྒྱ་རྒོལ་ལས་འགུལ་ནི་གསོན་ཤུགས་ཅན་གྱི་ངོ་བོར་འགྱུར་བཞིན་ཡོད་ཅིང་། གོང་གི་ཆབ་སྲིད་བཙོན་པ་རེ་རེ་བཙོན་ཁང་ནས་བཏང་ཡོང་བའི་སྐབས་སུ་བོད་ནང་གི་བོད་མི་ཚོས་ཁོང་ཚོར་དཔའ་བོ་ཞིག་གི་གདེངས་འཇོག་ཐོག་ཕེབས་བསུ་དང་དགའ་སྟོན་བྱས་ཡོད་ལ། ང་རང་གིས་བོད་ནང་གི་རྒྱ་རྒོལ་ལས་འགུལ་མུ་མཐུད་ཤུགས་ཆེ་རུ་འགྲོ་ངེས་ཡིན་པར་ཡིད་ཆེས་བརྟན་པོ་ཡོད། རྒྱུ་མཚན་ནི་བོད་མི་ཀུན་གྱི་ཤ་གསེང་རུས་པའི་སྟེང་ན་སོ་སོ་བོད་མི་ཞིག་ཡིན་པའི་བློ་སྟོབས་དང་རང་དབང་ལ་སྙེག་པའི་འདུན་པ་གནས་ཡོད་”ཅེས་དང་། ཆབ་སྲིད་བཙོན་པ་ཁག་ཅིག་གློད་གྲོལ་བཏང་བ་དེ་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་སོང་བ་ཞིག་མ་ཡིན་པར། ཁོང་ཚོ་བཙོན་འཇུག་གི་དུས་ཡུན་རྫོགས་པ་ཡིན་སྐོར་གསུངས་སོང་།

lhasangཉིན་དེར་གཏམ་བཤད་བྱེད་མཁན་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ཀྱིས་ “དེང་སྐབས་སྔོན་མ་དང་མ་འདྲ་བར་རྒྱལ་ཁབ་གང་གི་ནང་རྩོད་རྙོག་བྱུང་སྐབས། རྒྱལ་ཁབ་མང་པོར་གྱོང་གུད་དང་ཁེ་ཕན་གང་རུང་ཡོད་པ་ཞིག་ཆགས་བསྡད་ཡོད་རེད། རྒྱལ་སྤྱིའི་ཐོག་ནས་བོད་དོན་རྒྱབ་སྐྱོར་ག་ཚོད་ཡོད་པ་ཤེས་དགོས་པ་དང་། ང་ཚོ་བོད་པར་སྦྱིན་བདག་ཤུགས་ཆེན་པོ་འདྲ་བྱུང་ནས་བོད་ལ་རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་ཡོད་པ་རེད་ཟེར་གྱི་ཡོད་པ་རེད། རྒྱལ་སྤྱིའི་ཁྲོམ་རའི་དབང་བསྒྱུར་འོག་ཚང་མ་འགྲོ་ཡི་ཡོད་པས། དེའི་ནང་བོད་པ་ག་ཚོད་སླེབས་ཀྱི་ཡོད་པ་ཤེས་རྟོགས་དགོས་པ་དང་བོད་ལ་དངོས་ཡོད་གནས་ཚུལ་རྒྱབ་སྐྱོར་ག་ཚོད་འདུག གཙོ་བོ་བོད་ནང་ནས་བོད་དོན་ལས་འགུལ་སྤེལ་ཏེ་བོད་རང་བཙན་གྱི་མེ་རོ་ཉལ་ཐུབ་ཡོད་པ་དེ་ལ་བདག་རྒྱག་རྒྱུ་གལ་ཆེན་རེད་”ཅེས་གསུངས་སོང་།

བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་སྨན་ཤེར་བློ་གྲོས་ཀྱིས། “དེང་སྐབས་བོད་ཀྱི་རྩོམ་རིག་གསར་པར་ལོ་རྒྱུས་ལོ་ངོ་༣༠ ལྷག་རེད། སྔོན་མ་རྩོམ་ཡིག་གི་བསམ་བློའི་གཞུང་ཤིང་དེ་ནང་པའི་ལྟ་གྲུབ་དང་། རིག་གནས་རེད། ད་ལྟའི་བོད་ཀྱི་རྩོམ་རིག་གི་བསམ་བློའི་གཞུང་ཤིང་དེ་མའོ་ཁེ་སིའི་ལྟ་གྲུབ་ཆགས་པ་དང་། རྩོམ་རིག་གསར་པ་འཕེལ་རྒྱུས་འགྲོ་བ་དེ་མི་རིགས་ཀྱི་འདུ་ཤེས་ཆགས་ཡོད་པ་རེད་”ད་ལྟའི་བོད་ཀྱི་གནས་བབས་དེ་ཛ་དྲག་ཆེན་པོ་ཆགས་ཡོད་པ་དང་། རྩོམ་པ་པོ་དང་ཤེས་ཡོན་པ། དགེ་རྒན་སོགས་ཧ་ཅང་མང་པོ་ཞིག་གིས་མི་རིགས་ཀྱི་དཀའ་སྡུག་དང་གནས་བབས་གླེང་བས་རྒྱའི་བཙོན་འོག་ཏུ་འཇུག་གི་ཡོད་སྐོར་གསུངས་སོང་།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་ “ད་ལྟ་ང་ཚོས་ཤེས་རྟོགས་བྱུང་བ་བོད་མི་ཆབ་སྲིད་བཙོན་པ་༢༠༠༠ ལྷག་ཡོད་པ་དང་། ད་དུང་ཤེས་རྟོགས་མ་ཐུབ་པ་ཧ་ཅང་མང་པོ་ཡོད་པ་རེད། འཛམ་གླིང་གི་མི་འབོར་གྱི་ཆ་ནས་མི་༢༠༠༠ ལྷག་གྲངས་ཀ་ཉུང་ཉུང་ཡིན་ནའང་། དེ་ནི་མི་རིགས་ཤིག་རྩ་མེད་གཏོང་ཆེད་ཀྱི་ལས་འགུལ་ཞིག་ཆགས་ཡོད་པ་རེད་”ཅེས་རང་དབང་མེད་པ་དང་བསམ་ཚུལ་འདོན་ས་མེད་པར་མནར་གཅོད་འོག་ཡོད་མཁན་ཚོར་མཉམ་འབྲེལ་རྒྱལ་ཚོགས་ཞེས་སྐད་ཆ་བཤད་ས་ཞིག་བསྐྲུན་ཡོད་ནའང་། དེའི་ནང་དུ་རྒྱ་ནག་འཛུལ་ནས་རང་དབང་གི་ཆེད་དུ་ནུས་ཤུགས་གང་ཡང་མེད་སྐོར་དང་། ཆབ་སྲིད་བཙོན་པ་ཚོ་གློད་གྲོལ་བཏང་ནའང་གཟུགས་གཅུང་ཆགས་པའི་དཀའ་ངལ་དང་། མི་ལ་འབྲེལ་འདྲིས་བྱེད་རྒྱུར་དཀའ་ངལ་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།

༢༠༠༨ ལོར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་ཆབ་སྲིད་བཙོན་ཟུར་མགོན་པོ་འཕྲིན་ལས་ཀྱིས་རྒྱ་ནག་གི་འོག་ཏུ་མནར་གཅོད་བཏང་བའི་མཉམ་མྱོང་དང་འབྲེལ་ནས་གསུང་དོན། མནར་གཅོད་གཏོང་སྟངས་འདྲ་མིན་གྱི་ནང་ནས་བཙོན་ཁང་ནང་དུ་གྱོན་ཆས་མེད་པ་དང་། ཟ་མ་མ་སྤྲད་པ་སོགས་ནི་ཧ་ཅང་དཀའ་ངལ་ཆེན་པོ་ཡིན་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤ་ཡའི་སྤྱི་ཁྱབ་འགན་འཛིན་རྡོ་རྗེ་ཚེ་བརྟན་གྱིས་ “༢༠༡༥ ལོར་བོད་མི་ཆབ་སྲིད་བཙོན་པ་༣༠ ཞིག་གློད་གྲོལ་བཏང་ཡོད་ནའང་། འཛིན་བཟུང་བྱས་པ་དེ་ལས་མང་བ་བྱུང་ཡོད་པ་རེད། ༢༠༡༥ ལོ་ནས་བོད་ནང་རང་ལུས་མེར་སྲེག་གི་ངོ་རྒོལ་བྱེད་མཁན་ཉུང་དུ་སོང་བ་དང་། རྩོམ་འབྲི་མཁན་དང་། སོ་སོ་ཁྲོམ་ལ་ཡོང་ནས་ངོ་རྒོལ་བྱེད་མཁན་མང་དུ་སོང་ཡོད་རེད་”ཅེས་བོད་ནང་དུ་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་འདྲ་མིན་ཡོང་གི་ཡོད་པ་ངོ་སྤྲོད་དང་། ལྷག་དཀར་ལས་འགུལ་དང་འབྲེལ་བའི་༧རྒྱལ་བ་རིན་པོ་ཆེར་བསྟོད་པ་དང་། བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་སོགས་ཀྱི་ལས་འགུལ་རྒྱ་ཆེན་འབྱུང་བཞིན་ཡོད་སྐོར། བོད་ནང་གི་གནས་སྟངས་ལ་འགྱུར་བ་མ་སོང་བར་༧རྒྱལ་བ་རིན་པོ་ཆེ་བོད་ནང་དུ་ཕེབས་ཐུབ་མེད་པ་དང་། ད་ལྟ་ནང་བཞིན་བོད་ཀྱི་ལོ་རྒྱུས་ནང་མི་རིགས་ཀྱི་ལ་རྒྱ་ཤེས་བྱུང་མྱོང་མེད་སྐོར། དེ་བཞིན་བཙན་བྱོལ་ནང་གི་འོས་བསྡུ་ཆེན་མོའི་སྐབས་འདིར་བོད་ནང་དངོས་སུ་འོས་བླུག་རྒྱུའི་གོ་སྐབས་མེད་ནའང་། བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་འོས་འདེམས་ལ། བོད་ནང་ནས་དོ་སྣང་ཆེན་པོའི་རྩོམ་ཡིག་འབྲི་བ་སོགས་བྱེད་ཀྱི་ཡོད་པ་དེས་བོད་ཀྱི་འཐབ་རྩོད་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར། ༢༠༡༦ ལོར་རྒྱ་ནག་གི་ལ་ངོ་རྒོལ་ལས་འགུལ་ག་འདྲ་ཡོང་རྒྱུ་ཡིན་པར་དོ་སྣང་དགོས་སྐོར། བོད་ཀྱི་ཆབ་སྲིད་བཙོན་པ་ཚོར་བཙན་བྱོལ་ནང་ནས་དོ་སྣང་དང་ཆེ་མཐོང་གུས་བརྩི་དགོས་སྐོར་སོགས་གསུངས་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།