བོད་ནང་འགྲོ་སྐྱོད་ཐོབ་ཐང་ཐད་ཡར་རྒྱས་གང་ཡང་ཕྱིན་མེད་འདུག

ཨ་རིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་ཀྱི་ཁྲིམས་གཏན་འབེབས་དང་ལག་བསྟར་བྱས་མིན་ལ་མ་ལྟོས་པར། བོད་ནང་ཨ་རིའི་མི་སེར་དང་དཔོན་རིགས་སོགས་འགྲོ་སྐྱོད་ཀྱི་ཐོབ་ཐང་ཐད་ཡར་རྒྱས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་འདུག

ཟླ་༨ པའི་ཚེས་༥ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས། ཨ་རིའི་གྲོས་ཚོགས་སུ་བོད་ནང་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་གནས་སྟངས་ཐོག་སྙན་ཐོ་གཉིས་པ་དེ་སྤྲད་ཡོད་འདུག དེ་ཡང་ཕྱི་ལོ་༢༠༡༨ ལོའི་ཟླ་༡༢ པའི་ཚེས་༡༩ ཉིན་བོད་ནང་དུ་ཕར་འགྲོ་ཚུར་འོང་གི་ཁྲིམས་གཏན་འབེབས་བྱས་པའི་ཉིན་༩༠ རྗེས་སུ་སྟེ་ཕྱི་ལོ་༢༠༡༩ ལོའི་ཟླ་༣ པའི་ཚེས་༢༥ ཉིན་སྙན་ཐོ་དང་པོ་དེ་གྲོས་ཚོགས་སུ་སྤྲད་ཡོད་པ་རེད།

ཉེ་ཆར་གྱི་སྙན་ཐོ་དེའི་ནང་ཕྱི་ལོ་༢༠༡༩ ལོར་ཨ་རིའི་མི་སེར་དང་དཔོན་རིགས། གསར་འགོད་པ་སོགས་བོད་ནང་འགྲོ་སྐྱོད་ཀྱི་ཐོབ་ཐང་དེ། ཕྱི་ལོ་༢༠༡༨ ལོ་དང་བསྡུར་ན་ཡར་རྒྱས་གང་ཡང་སོང་མེད་སྐོར་བརྗོད་ཡོད་འདུག

དེ་ཡང་སྙན་ཐོའི་ནང་ཕྱི་ལོ་༢༠༡༩ ལོར་རྒྱ་ནག་གི་བཟོས་པའི་བོད་རང་སྐྱོང་ལྗོངས་སུ་ཕྱི་རྒྱལ་གྱི་སྐུ་ཚབ་དང་དཔོན་རིགས་ཚོ་འགྲོ་སྐྱོད་བྱེད་པར་ཆོག་མཆན་ཞུ་དགོས་པ་དང་། ལོ་སྔོན་མར་ཨ་རིའི་གཞུང་ཚབ་ནས་རང་སྐྱོང་ལྗོངས་ཁུལ་དུ་འགྲོ་སྐྱོད་ཀྱི་ཆོག་མཆན་༡༠ ཞུས་ཡོད་པ་དང་། དེའི་ནང་ནས་༥ ལ་ཆོག་མཆན་ཐོབ་ཡོད་ཀྱང་། བོད་ནང་དུ་འགྲོ་སྐྱོད་སྐབས་སུ་བདེ་སྲུང་མི་སྣས་གང་སར་སྟངས་འཛིན་དམ་དྲག་བྱས་ཡོད་པ། དེ་བཞིན་དཀར་མཛེས་དང་རྔ་བ་ཁུལ་དུ་བསྐྱོད་སྐབས་སུ། བདེ་སྲུང་མི་སྣས་ཐེངས་མང་འགྲོ་སྐྱོད་བཀག་འགོག་གིས་དྲི་རྩད་བྱས་ཡོད་འདུག འོན་ཀྱང་ཕྱི་ལོ་༢༠༡༧ དང་༢༠༡༨ ལོ་དང་མི་འདྲ་བར། གཞུང་ཚབ་མི་སྣ་རྣམས་བཀག་ཉར་བྱས་མེད་སྐོར་བརྗོད་འདུག

དེ་བཞིན་སྙན་ཐོའི་ནང་ཨ་རིའི་མི་སེར་ཡིན་པའི་བོད་མི་རྣམས། ཨ་རིའི་མི་སེར་གཞན་དང་མི་འདྲ་བར་བོད་ནང་དུ་འགྲོ་སྐྱོད་ཀྱི་ཐོངས་མཆན་ཞུ་སྐབས། བརྟག་དཔྱད་ཀྱི་བརྒྱུད་རིམ་དམ་པོ་ཡོད་པ་དང་། བོད་ནང་དུ་བསྐྱོད་སྐབས་ཀྱང་བདེ་སྲུང་མི་སྣས་འཆར་ཅན་བསུན་གཙེར་བཟོ་ཡི་ཡོད་པ། ཕྱི་ལོ་༢༠༡༩ ལོར་ཨ་རིའི་མི་སེར་ཡིན་པའི་བོད་མིར་ཁྲིམས་མཐུན་གྱི་ཐོངས་མཆན་ཐོབ་ཡོད་ཀྱང་། བོད་ནང་དུ་མ་བཏང་བའི་གནས་ཚུལ་ཁ་ཤས་བྱུང་བ་ཤེས་རྟོགས་བྱུང་སྐོར་འཁོད་འདུག

དེ་སྔོན་དང་མི་འདྲ་བར་སྙན་ཐོ་གཉིས་པ་དེའི་ནང་རང་སྐྱོང་ལྗོངས་སུ་འགྲོ་སྐྱོད་ཀྱི་ཆོག་མཆན་ཞུ་སྐབས། སྙན་ཞུ་དེ་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་དབུས་དང་ཞིང་ཆེན་རིམ་པའི་ལས་ཁུངས། དེ་བཞིན་རྒྱ་ནག་གི་སྤྱི་བདེ་ལས་ཁུངས། བཅིངས་གྲོལ་དམག་གི་སྡེ་ཚན། ཕྱི་འབྲེལ་ལྷན་ཁང་སོགས་ཀྱི་སྐུ་ཚབ་ཡོད་པའི་རྒྱ་ནག་ཕྱི་འབྲེལ་ལ་དོན་ཚོགས་ཆུང་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དང་། ཚོགས་ཆུང་དེས་སྙན་ཞུར་བསྐྱར་ཞིབ་བྱས་ནས་རང་སྐྱོང་ལྗོངས་ཕྱི་འབྲེལ་ལས་དོན་ཁང་ལ་ལན་འདེབས་སྤྲོད་ཀྱི་ཡོད་སྐོར་འཁོད་འདུག་པ་དང་། བོད་ནང་འགྲོ་སྐྱོད་བཀག་འགོག་གི་ལས་དོན་དང་འབྲེལ་བ་ཡོད་མཁན་གྱི་ལས་ཁུངས་རྣམས་མིང་འདོན་ཐུབ་ཡོད་འདུག་པས། དེ་ལ་བརྟེན་ནས་འབྲེལ་ཡོད་མི་སྣར་དཔལ་འབྱོར་ཉེས་ཆད་དང་ཨ་རིའི་ནང་འགྲོ་སྐྱོད་བཀག་སྡོམ་བྱེད་པར་ཕན་ཐོགས་ཡོང་རྒྱུ་ཡིན་འདུག

ཟླ་༧ པའི་ཚེས་༧ ཉིན་ཨ་རིའི་ཕྱི་སྲིད་བློན་ཆེན་མེག་པོམ་པེ་ཡིས། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་ཨ་རིའི་གསར་འགོད་པ་དང་། སྐུ་ཚབ། དཔོན་རིགས། ཡུལ་སྐོར་སྤྲོ་འཆམ་པ་སོགས་འགྲོ་སྐྱོད་བཀག་སྡོམ་བྱས་ཡོད། འོན་ཀྱང་རྒྱ་ནག་གཞུང་གི་དཔོན་རིགས་དང་མི་སེར་རྣམས་ཨ་རིར་རང་དབང་ཐོག་ནས་འགྲོ་སྐྱོད་བྱེད་རྒྱུ་ཡོད་པས། བོད་ནང་ཕར་འགྲོ་ཚུར་འོང་གི་འདྲ་མཉམ་ཐོབ་ཐང་གི་ཁྲིམས་འོག་ནས། བོད་ནང་དུ་ཨ་རིའི་མི་སེར་འགྲོ་སྐྱོད་བཀག་སྡོམ་བྱེད་མཁན་རྒྱ་ནག་གི་དཔོན་རིགས་རྣམས། ཨ་རིར་སྐྱོད་ཆེད་ཀྱི་ཐོངས་མཆན་བཀག་སྡོམ་བྱས་ཡོད་སྐོར་བསྒྲགས་ཡོད་ཀྱང་། དཔོན་རིགས་སུ་དང་ག་ཚོད་བཀག་སྡོམ་བྱས་ཡོད་མེད་གསལ་སྟོན་བྱས་མེད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།