བོད་པའི་སློབ་ཕྲུག་བདུན་གྱི་སློབ་ཡོན་ཧམ་ཟ་ཤོར་བའི་གནད་དོན་སེལ་ཡོད་འདུག
ཕྱི་ལོ་༢༠༡༦ ལོར་འཛིན་གྲྭ་བཅུ་གཉིས་ཐོན་མཁན་བོད་པའི་སློབ་ཕྲུག་བདུན་ལ། བོད་མི་ཟླ་བ་ཚེ་རིང་ཟེར་བ་ཞིག་གིས་རྒྱ་གར་བྷེང་ལོར་མཐོ་སློབ་ཅིག་གི་བདག་པོ་བུད་མེད་གཅིག་ངོ་སྤྲོད་བྱས་ཏེ། མོས་སློབ་ཕྲུག་དེ་དག་མཐོ་སློབ་དེར་སློབ་འཇུག་བྱ་རྒྱུར་ཁས་ལེན་གྱིས། ཧིན་སྒོར་འབུམ་༤༠ དང་སྟོང་ཕྲག་༢༥། དེ་བཞིན་དགོས་མཁོ་ཅན་གྱི་གལ་ཆེའི་ཡིག་ཆ་ཚང་མ་བླངས་ནས། ལོ་གཅིག་འདས་ཟིན་ཀྱང་མཐོ་སློབ་ཏུ་སློབ་འཇུག་བྱས་མེད་པ་མ་ཟད། དངུལ་དང་ཡིག་ཆ་ཕྱིར་མ་སློག་ནས་མཐོ་སློབ་ཏུ་བསྐྱོད་རྒྱུ་མ་བྱུང་ནས་ལོ་གཅིག་ཆུད་ཟོས་ཕྱིན་ཡོད་པའི་དཀའ་ངལ་འཕྲད་ཡོད་པ་རེད། ད་ལྟའི་ཆར་སློབ་ཕྲུག་བཞི་ལ་དངུལ་རྣམས་ཕྱིར་སློག་བྱུང་ཡོད་ནའང་། གཞན་༣ ལ་དངུལ་ཕྱིར་སློག་བྱུང་མེད་པ་རེད།
ཟླ་འདིའི་ཚེས་༡༧ ཉིན་འདི་གའི་གསར་འགོད་པས་བྷེང་ལོར་དུ་སློབ་སྦྱོང་བྱེད་མུས་ཡིན་པའི། རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཉི་མ་ལ་ཁ་པར་བརྒྱུད་གནད་དོན་དེའི་ཐད་སྐད་ཆ་དྲིས་པས། ཁོང་གིས་བྷེང་ལོར་དུ་ཡོད་པའི་ས་གནས་གཞོན་ནུ་ལྷན་ཚོགས་དང་། རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས། བྷེང་ལོར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་མིའི་ཁྲིམས་ལུགས་ཚོགས་པ་སོགས་ཀྱི་ཚོགས་མི་ཚོས་ཚོགས་བསྡུ་བསྐོངས་ནས། དཀའ་ངལ་དེ་སེལ་ཐབས་སུ་ཐོག་མར་ཞུ་གཏུག་བྱས་ཡོད་པ་དང་། རྗེས་སུ་ངོ་རྒོལ་བྱ་རྒྱུ་མོས་མཐུན་བྱུང་ཡོད་ཀྱང་ཆོག་མཆན་ཐོབ་མེད་འདུག རྗེས་སུ་གསར་འགོད་ལྷན་ཚོགས་དང་ཁྲིམས་གཏུག་སོགས་ཀྱི་ལས་འགུལ་སྤེལ་འཆར་ཡོད་ཀྱང་། དཀའ་ངལ་འཕྲད་མཁན་སློབ་ཕྲུག་རྣམས་ཀྱིས་ཁས་ལེན་བྱས་མེད་པས། སློབ་ཕྲུག་ཚོགས་པ་དེ་དག་གི་འགན་ཁུར་བ་དང་ཚོགས་མི། དཀའ་ངལ་འཕྲད་མཁན་བུད་མེད་བཞི་བཅས་མཐོ་སློབ་དེར་ཐེངས་མང་པོ་སྐད་ཆ་བཤད་པར་ཕྱིན་ནས་མཐའ་མར་ཁོ་ཚོས་དངུལ་ཕྱིར་སློག་བྱ་རྒྱུ་ཁས་ལེན་བྱུང་བ་ཡིན་འདུག
དེ་ཡང་དངུལ་ཕྱིར་སློག་བྱ་རྒྱུ་ཁས་ལེན་བྱས་པའི་ཉིན་དེར་དཀའ་ངལ་དངོས་སུ་འཕྲད་མཁན་སློབ་ཕྲུག་བུད་མེད་བཞི་མ་གཏོགས། གཞན་གསུམ་པོ་སླེབས་མེད་པས། མཐོ་སློབ་ཀྱི་འགན་འཛིན་གྱིས་དངུལ་དོ་བདག་ལ་མ་གཏོགས་སྤྲོད་ཐབས་མེད་སྐོར་བརྗོད་ནས། སྐབས་དེར་དངོས་སུ་ཡོད་པའི་སློབ་ཕྲུག་བཞི་པོར་དངུལ་ཕྱིར་སློག་བྱ་རྒྱུས་ཁས་ལེན་བྱས་ཏེ། ཟླ་འདིའི་ཚེས་༡༦ ཉིན་ཉེན་རྟོག་ཁང་དུ་ཉེན་རྟོག་པ་དང་ལྷོ་སྤྱིའི་སྐུ་ཚབ་གཅིག་བཅས་ཀྱི་མདུན་དུ། མཐོ་སློབ་དེའི་སྐུ་ཚབ་གཅིག་གིས་བོད་པའི་སློབ་ཕྲུག་བུད་མེད་བཞི་པོར་དངུལ་རྣམས་ཕྱིར་སློག་བྱས་ཡོད་འདུག
དེ་བཞིན་སློབ་ཕྲུག་གཞན་གསུམ་པོ་དེ་དག་དོ་བདག་སླེབས་ཚེ་དངུལ་རྣམས་ཕྱིར་སློག་བྱ་རྒྱུ་ཡིན་སྐོར་ཁས་ལེན་ཡང་བྱས་ཡོད་འདུག
དངུལ་ཕྱིར་རག་མཁན་ཁོངས་ནས་སློབ་ཕྲུག་གཅིག་ལ་ཁ་པར་བརྒྱུད་སྐད་ཆ་དྲིས་པས། མོས་ཁོ་ཚོ་བཞི་ཡི་དངུལ་ཁྱོན་བསྡོམས་འབུམ་༡༤ དང་ཁྲི་༢ ཕྱིར་སློག་བྱུང་ཡོད་ཀྱང་། དེ་སྔོན་རྒྱ་གར་ཁྲལ་འབབ་ལས་ཁུངས་ཀྱིས་རྒྱ་གར་བུད་མེད་དེའི་ཡིག་ཚང་ལ་གློ་བུར་རྟོག་ཞིབ་བྱས་ཏེ་ཡིག་ཆ་དེ་དག་ཁྱེར་ཡོད་འདུག་པས། ད་ལྟའི་ཆར་རྒྱ་གར་དབུས་སློབ་གྲྭའི་ཤེས་ཡོན་ལྷན་ཚོགས་ལ་ཡིག་ཆ་དེ་དག་བསྐྱར་དུ་ཐོབ་ཆེད་སྙན་ཞུ་བརྒྱབ་ཡོད་འདུག དེ་བཞིན་ཁྲལ་འབབ་ལས་ཁུངས་ནས་ཡིག་ཆ་དེ་དག་ཕྱིར་རག་ཐབས་བྱེད་བཞིན་ཡོད་སྐོར་དང་། ལོ་འདིར་ཁོང་ཚོ་མཐོ་སློབ་ཏུ་སྐྱོད་ཐུབ་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་སོང་།
སློབ་ཕྲུག་དེ་དག་གི་དཀའ་ངལ་ལ་དངོས་ཤུགས་བརྒྱུད་གསུམ་རོགས་པ་བྱེད་མཁན་གཙོ་བོ་བྷེང་ལོར་དུ་ཡོད་པའི་བོད་པའི་སློབ་ཕྲུག་གི་ཚོགས་པ་ཁག་དང་། ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་བཅས་ཡིན་འདུག་ཀྱང་། དེ་སྔོན་སློབ་ཕྲུག་དེ་དག་རྒྱ་གར་གྱི་མཐོ་སློབ་བདག་པོ་བུད་མེད་དེར་ངོ་སྤྲོད་བྱེད་མཁན་བོད་མི་དེས་རོགས་པ་དམིགས་བསལ་བྱས་མེད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།