ཆོས་རིག་ལས་ཁུངས་ཀྱིས་ཞལ་འདོན་མཉེན་ཆས་དང་དཔེ་དེབ་གཅིག་དབུ་འབྱེད་གནང་འདུག

ཟླ་བ་འདིའི་ཚེས་༢༧ ཉིན་དགེ་བཤེས་ལྷག་རྡོར་དང་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་གཉིས་ནས། ཆོས་རིག་ལས་ཁུངས་ཀྱི་ཞལ་འདོན་མཉེན་ཆས་གསར་པ་དང་པུར་རྒྱལ་བོད་ཀྱི་རྒྱན་གོས་ཞེས་པའི་དཔེ་དེབ་བཅས་དབུ་འབྱེད་གནང་ཡོད་འདུག

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་གྱིས་ཁ་པར་སྤྱོད་ཆས་ཀྱི་མཛོད་ཁང་ (apps store) དུ་བླུགས་པའི་སྤྱོད་ཆས་རིགས་ཁུངས་དག་པོ་དང་། དྲ་རྒྱའི་བདེ་འཇགས་ལ་མི་གནོད་པ། ནང་དོན་ཕན་ཐོགས་ཡོད་པ་ཞིག་དགོས་སྐོར་དང་། དེ་བཞིན་ཞལ་འདོན་རིགས་ཁ་པར་སྤྱོད་ཆས་ཀྱི་རྣམ་པར་བཟོས་པ་འདིས་ཞལ་འདོན་རྒྱུན་གནས་དང་། དད་ལྡན་རྣམས་ནས་ནམ་དུས་ངེས་མེད་ལ་བཀོལ་སྤྱོད་ཐུབ་པའི་དགེ་མཚན་ཡོད་པའི་སྐོར་བརྗོད་གནང་འདུག

དེ་བཞིན་ཞལ་འདོན་མཉེན་ཆས་གསར་པའི་ངོ་བོར་བཟོ་རྒྱུ་མཚོན་པའི་ལས་དོན་ཁག་ལེགས་པར་གྲུབ་སྟེ་ད་ཆ་ཚད་ལྡན་མཉེན་ཆས་ཀྱི་རྣམ་པར་གྲུབ་ཡོད་པ་དང་། ཞལ་འདོན་མཉེན་ཆས་དེ་ཉིད་ཀུ་ཤུ་རྟགས་ཅན་དང་། ཨེན་ཊོ་རཊ་ (andriod) སྤྱོད་ཆས་མཛོད་ཁང་གཉིས་ནས་ཕབ་ལེན་གནང་འཐུས་མོད། འཕྲུལ་རིག་གི་དཀའ་ངལ་ཞིག་གིས་རྐྱེན་བྱས་ཏེ་རེ་ཞིག་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ནང་ཕབ་ལེན་གནང་རྒྱུར་དཀའ་ངལ་འཕྲད་སྲིད་ཀྱང་གཟའ་འཁོར་གཅིག་ཙམ་རྗེས་དཀའ་ངལ་བསལ་ཏེ་ཕབ་ལེན་གནང་ཐུབ་པའི་ཚོད་དཔག་གནང་གི་ཡོད་འདུག

གཞན་ཡང་ཐེངས་འདིའི་ཞལ་འདོན་མཉེན་ཆས་གསར་བཟོའི་འགྲོ་གྲོན་མཐུན་འགྱུར་ཨི་ཊ་ལི་ནང་པའི་མཐུན་ཚོགས་ཀྱིས་གནང་ཡོད་པ་དང་། པུར་རྒྱལ་བོད་ཀྱི་རྒྱན་གོས་དཔེ་དེབ་ཆེད་དཔལ་འབྱོར་མཐུན་འགྱུར་ཨ་རིའི་རོགས་ཚོགས་ (USAID) བཅས་ཀྱིས་གནང་ཡོད་འདུག །

གསར་འགོད་པ་བདེ་སྒྲོན།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||