བོད་མི་ཞིག་ལ་མི་རིགས་དབྱེ་འབྱེད་ཀྱི་རྡུང་རྡེག
ཟླ་འདིའི་ཚེས་༢༩ ཉིན་གྱི་ཨོ་སི་ཀྲོ་ལི་ཡའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༢༤ ཉིན་ཨོ་སི་ཀྲོ་ལི་ཡའི་སེ་པེ་རིང་ཝེལ་(springvale) ས་གནས་ཀྱི། ལོ་ན་༣༩ ལ་སོན་པའི་བོད་མི་ཞིག་དངུལ་འདོན་འཕྲུལ་ཆས་བེད་སྤྱོད་བྱེད་པར་བང་རིམ་སྒུག་བཞིན་པའི་སྐབས། དངུལ་བཏོན་ཚར་མཁན་གྱི་ཨོ་སི་ཀྲོ་ལི་ཡའི་མི་རིགས་དཀར་པོ་ཞིག་གིས། ཁོང་ལ་མི་རིགས་འཐེན་ཁྱེར་གྱི་ཚིག་རྩུབ་ལབ་ཡོད་འདུག་པས། ཁོང་གིས་མི་དེར་ཁ་གཏད་བཅག་སྐབས། མི་དེས་བོད་མི་དེའི་སྐེ་བཙིར་བ་དང་ཁུ་ཚུར་གཞུས་འདུག སྐབས་དེར་བོད་མི་དེས་ཁ་པར་ནས་རྡུང་མཁན་མི་དེའི་པར་ལེན་ཐབས་བྱས་འདུག་ཀྱང་། མི་དེས་ཁོང་ལ་ཁུ་ཚུར་བསྟུད་མར་གཞུས་པ་དང་། ཁོང་རླངས་འཁོར་གྱི་འགྲོ་ལམ་ལ་འགྱེལ་ནས། རླངས་འཁོར་གྱིས་བརྫི་གྲབས་བྱས་ཡོད་འདུག དེ་རྗེས་མི་དེ་དང་མཉམ་དུ་ཡོད་པའི་བུད་མེད་དེས། ཉེན་རྟོག་པ་མ་སླེབས་པའི་སྔོན་དུ་འབྲོ་དགོས་སྐོར་བརྗོད་ནས། ཁོ་གཉིས་བྲོས་ཕྱིན་ཡོད་འདུག
གནས་ཚུལ་དེ་དང་འབྲེལ་ནས། ཨོ་སི་ཀྲོ་ལི་ཡའི་མཚན་སྨད་འགོག་རྒོལ་ཚོགས་ཆུང་གི་ཚོགས་གཙོས། མི་རིགས་འཐེན་ཁྱེར་གྱི་དྲག་པོའི་བྱ་སྤྱོད་དེ་ལ་ངོ་རྒོལ་ཡོད་པ་དང་། ཨོ་སི་ཀྲོ་ལི་ཡའི་ནང་དུ་ཆོས་ལུགས་དང་མི་རིགས་འདྲ་མིན་གྱི་མི་ཚང་མ། སེམས་བདེ་ལྷོད་དང་ཞེད་སྣང་མེད་པར་ཡར་མར་འགྲོ་སྐྱོད་བྱེད་རྒྱུ་ཡོད་པ་དགོས། ཕྱོགས་ཚང་མས་ཕན་ཚུན་གུས་བརྩི་དང་ཞི་བདེའི་ངང་མཉམ་གནས་བྱེད་ཀྱི་ཡོད་པ་དེ་ནི་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཡིན་པས། ཐབས་སྐྱོ་བའི་གནས་ཚུལ་དེས་ཨོ་སི་ཀྲོ་ལི་ཡའི་ནང་དུ་ཕྱོགས་ལྷུང་དང་དབྱེ་འབྱེད་ཀྱི་རྩ་བ་དེ་དག་རྩ་མེད་བཟོ་རྒྱུ་ལྷག་བསྡད་ཡོད་པ་གསལ་སྟོན་བྱས་སྐོར་བརྗོད་འདུག ད་ལྟའི་ཆར་རྡུང་མཁན་དེ་ངོས་འཛིན་ཐུབ་མེད་པ་རེད་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།