མཐོ་རིམ་སློབ་མ་དང་དགེ་འདུན་པའི་བར་ནང་པའི་ལྟ་གྲུབ་དང་སེམས་ཁམས་ཚན་རིག་པའི་སྐོར་ལ་བགྲོ་གླེང་།

ཟླ་འདིའི་ཚེས་༢ ནས་ཚེས་༥  བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་འབྲས་སྤུངས་བླ་སྤྱི་རུ་༧གོས་ས་མཆོག་གིས་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་གསུམ་དང་གསང་ཆེན་རྒྱུད་གྲྭ་སྟོད་སྨད།   ཆོས་སྡེ་བཀྲིས་ལྷུན་པོ།  རྭ་སྟོད་གྲྭ་ཚང་སོགས་ཀྱི་དགེ་འདུན་པ་ཞལ་གྲངས་༣༣༣   ཙམ་ལ་བསྙེན་རྫོགས་ཀྱི་སྡོམས་པ་འབོགས་ཆོག་གནང་གྲུབ་ཡོད་པ་རེད།

mundgod_2016_7_5རྩ་བའི་ཐེངས་འདིར་དགེ་སློང་གི་སྡོམས་པ་སྒྲུབ་མཁན་དགེ་འདུན་པ་ཞལ་གྲངས་༩༠༠   ཙམ་ཡོད་ཀྱང་དུས་ཚོད་ཀྱི་འདངས་མེད་པ་རེད་འདུག
ཟླ་འདིའི་ཚེས་༥ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༢  པ་ཙམ་གྱི་ཐོག་འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་འཚོགས་ཆེན་འདུ་ཁང་ནང་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཤེས་རིག་ལྷན་ཚོགས་ཀྱི་གོ་སྒྲིག་འོག བྷེང་ལོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་མ་ཚོ་དང་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པའི་བར་ནང་པའི་ལྟ་གྲུབ་དང་།  སེམས་ཁམས་ཚན་རིག   ཚད་མ་རིག་པ།  དེ་བཞིན་དེང་དུས་ཤེས་ཡོན་བཅས་ཀྱི་ཐོག་ལ་བགྲོ་གླེང་ཞིག་འཚོགས་ཡོད་པ་རེད།

ཐེངས་འདིའི་བགྲོ་གླེང་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་།  བགྲོ་གླེང་ནང་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུས་བཀའ་རབས་འབྱམས་དགེ་བའི་བཤེས་གཉེན་རྣམས་པ་དང་དགེ་འདུན་པ།   སློབ་ཕྲུག་བཅས་ཞལ་གྲངས་༢༠༠   མ་ཟིན་ཙམ་དང་ཏཱ་ལའི་བླ་མ་སློབ་གཉེར་ཁང་གི་སློབ་མ་༣༨  གཞན་ཡང་མོན་གྷོ་གཏན་སློབ་དང་གཞིས་གྲོང་དྲུག་པའི་སློབ་མ་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

དེ་ཡང་ཐོག་མར་དགའ་བྱང་མཁན་རིན་པོ་ཆེ་བློ་བཟང་ཆོས་ཉིད་ཀྱིས་ཐེངས་འདིར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་བགྲོ་གླེང་འདི་འདྲ་ཞིག་འཚོགས་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་བཅས་ཀྱི་སྐོར་ལ་གསུང་བཤད་གནང་དོན། དེ་རིང་བགྲོ་གླེང་ལས་རིམ་འདིའི་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་བའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་གྲངས་མེད་སྔོན་དུ་བཏང་བའི་ཐོག་ནས་དགའ་བྱང་གྲྭ་ཚང་དང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གཉིས་ཀྱི་ཚབ་བྱས་ནས་འཚམས་འདྲི་ཡིན་ལ།   རྩ་བའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་མ་དང་དགའ་བྱང་གྲྭ་ཚང་གི་དགེ་འདུན་པའི་བར་གོང་སྨོས་བརྗོད་གཞི་ཁག་གི་ཐོག་དུས་ཡུན་ཟླ་བ་གཅིག་རིང་ཕན་ཚུན་གོ་རྟོགས་སྤེལ་རེས་བྱས་ཡོད་པ་དང་།   འདི་ག་གྲྭ་ཚང་ནས་ལས་རིམ་འདི་ལྟ་བུ་ཞིག་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་གང་ལེགས་ཞུས་ན།    ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གོ་ལ་ཟླུམ་པོ་འདིར་གནས་ཤིང་རྒྱུ་བའི་འགྲོ་བ་མི་རིགས་སྤྱི་དང་ཁྱད་པར་དུ་བདག་ཅག་བོད་འབངས་རྣམས་ལ་དུས་གསུམ་གསལ་གཟིགས་ཀྱིས་ལམ་སྟོན་བླང་དོར་བཀའ་སློབ་རིན་ཐང་གཞལ་དུ་མེད་པ་ཇི་སྙེད་ཅིག་བཀའ་བསྩལ་གནང་བའི་ནང་གི་ཆ་ཤས་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱས་ལྡན་པའི་སྟོན་པ་ཐུགས་རྗེ་ཅན་གྱི་ཆོས་ཚུལ་ཟམ་མོ་ལས་བྱུང་བའི་ལྟ་གྲུབ་དང་།   སེམས་ཁམས་ཚན་རིག    དེ་བཞིན་ཚད་མ་རིག་པའི་སྐོར་སོགས་དེང་གི་ཆར་ཀུན་གྱིས་ཡིད་སྨོན་དང་ཆ་འཇོག་བྱེད་བཞིན་པའི་ཚན་རིག་གི་ཤེས་བྱ་དང་། ལྷག་པར་དུ་འཛམ་གླིང་ཤེས་རིག་གི་སྡིངས་ཆའི་སྟེང་དཔུང་པ་མཉམ་གཤིབ་ཀྱི་གནས་ཐབས་སུ་དམིགས་པའི་རླབས་ཆེན་གྱི་དགོངས་པ་ཟམ་མོ་དེའི་ཆ་ཤས་ཙམ་བསྒྲབས་ཐུབ་ན་སྙམ་པའི་རེ་འདུན་བཟང་པོ་ཞིག་སྙིང་དུ་བཅངས་ནས་ལས་རིམ་འདི་ལྟ་བུ་ཞིག་གོ་སྒྲིག་ཞུས་ཡོད་ཞེས་གསུངས་སོང་།

མུ་མཐུས་ནས་གསུང་དོན།      ལས་རིམ་འདི་བཞིན་འདི་ལོར་གཅིག་པུ་ཙམ་མ་ཡིན་པར་མུ་མཐུད་ལོ་རེ་བཞིན་ཟླ་བ་གཅིག་གི་རིང་སྔ་དྲོ་གྲྭ་ཚང་གི་དཔེ་འཁྲིད་རྒན་གཉིས་ནས་སློབ་ཕྲུག་རྣམས་པར་ནང་པའི་ལྟ་གྲུབ་དང་།    སེམས་ཁམས་ཚན་རིག་སོགས་ཀྱི་སྐོར་ལ་སློབ་ཁྲིད་གནང་རྒྱུ་དང་།       ཉིན་རྒྱབ་སློབ་ཕྲུག་རྣམས་ཀྱིས་དབྱིན་ཇིའི་སྐད་ཡིག་དང་ཀློག་ཀླད་སོགས་ཀྱི་སྐོར་དགེ་འདུན་པ་རྣམས་པར་སློབ་འཁྲིད་བྱེད་རྒྱུ།   དགོང་དྲོ་གྲྭ་ཚང་གི་སློབ་གཉེར་བ་དྲག་གྲས་རྣམས་དང་ལྷན་དུ་རིགས་ལམ་རྩོད་པ་བཅས་ཀྱི་ལས་རིམ་ཞིག་ཀྱང་འགྲོ་རྒྱུའི་འཆར་གཞི་ཡོད་པ་མ་ཟད།     ད་དུང་ཡང་ལས་རིམ་དེའི་ཐོག་ནས་དུས་བསྟུན་གྱི་ལེགས་བཅོས་རིམ་པས་གཏོང་འཆར་ཡང་ཡོད།    མདོར་ན་དུས་རབས་ཀྱི་རྗེས་ཟིན་པའི་ཐོག་ནས་དུས་རབས་ཉེར་གཅིག་པའི་ནང་པ་ཚད་ལྡན་ཞིག་ཏུ་འགྱུར་ཐུབ་པའི་སླད་དུ།     ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དེ་དག་དང་མཐུན་པའི་གྲུབ་འབྲས་ལྡན་པའི་ཞབས་འདེགས་ཞུ་རྒྱུ་ནི་ང་ཚོའི་དམིགས་ཡུལ་དང་ཆོད་སེམས་སྙིང་པོ་དེ་ཡིན་ཞེས་སོགས་གསུངས་སོང་།

mundgod1_2016_7_5དེ་ནས་དགའ་བྱང་དགེ་འདུན་པ་དང་ཏཱ་ལའི་བླ་མ་སློབ་གཉེར་ཁང་གི་སློབ་མ་གཉིས་ཀྱི་བར་གོང་གི་བརྗོད་གཞི་ཁག་གཅིག་གི་ཐོག་བགྲོ་གླེང་དང་དོགས་འདྲི་བཅས་ཀྱི་ལས་རིམ་གྲུབ་པ་དང་༧གོང་ས་མཆོག་གིས་བགྲོ་གླེང་དང་འབྲེལ་བཀའ་སློབ་གནང་དོན།   མང་གཙོ་ཡར་རྒྱུས་སུ་འགྲོ་དང་མི་འགྲོ་དེ་འགྲོ་བ་མིའི་ཡ་རབ་བཟང་སྤྱོད་ལ་རག་ལས་ཡོད་སྐོར་དང་རྣམ་ཤེས་ཕྲ་རག་གི་ཁྱད་པར་འཛིན་སྟངས།   ལྷག་པར་དུ་སློབ་ཕྲུག་ཚོའི་རིགས་ལམ་གྱི་ཐོག་ལ་སྦྱང་བརྩོན་གནང་དགོས་པ་དང་།   དཔེ་མཚོན་དང་འབྲེལ་མ་འོངས་པར་ཁེ་ཕན་ཆེན་པོ་ཡོད་སྐོར་བཅས་སོགས་བཀའ་སློབ་མདོར་བསྡུས་ཤིག་གནང་གྲུབ་པ་དང་།   མོན་གྷོ་གཏན་སློབ་དང་གཞིས་གྲོང་དྲུག་པའི་སློབ་ཕྲུག་ཚོས་རིམ་པས་རིགས་ལམ་འགྲོ་སྟངས་ཀྱི་རྣམས་བཞག་གི་ཐོག་ནས་རྟགས་གསལ་༧གོང་ས་མཆོག་ལ་སྤྱན་འབུལ་ཞུས་གྲུབ་པ་དང་གྲྭ་མང་དང་སློབ་ཕྲུག་ཚོ་རིམ་པས་༧གོང་ས་མཆོག་དང་མཉམ་དུ་སྐུ་པར་བསྒྲོན་གནང་རྗེས་བགྲོ་གླེང་མཛད་སྒོ་གྲོལ་ཡོད་པ་རེད།

གཞན་ཡང་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་སློབ་གྲྭའི་ངོས་ནས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཆེད་དུ་བོད་མི་ཡོངས་ཀྱི་ངོས་ནས་དུས་ཚོད་ངེས་མེད་བར་དཀར་སྐྱོང་ངམ་ཤ་བཟའ་རྒྱུ་སྤང་དགོས་སྐོར་གྱི་ལས་འགུལ་ཞིག་ཀྱང་སྤེལ་བཞིན་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།