མི་མང་འབུམ་གཅིག་ལས་མང་བས་སྲིད་འཛིན་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་འདུག
ཤར་ཡུ་རོབ་ཀྱི་རྒྱལ་ཁབ་བྷེ་ལ་རུའི་སྲིད་འཛིན་འོས་བསྡུར། ལས་ཁུར་སྲིད་འཛིན་གྱིས་འོས་བསྡུའི་གྲུབ་འབྲས་རྫུན་བཟོ་བྱས་པའི་གནད་དོན་དང་འབྲེལ་ནས། གཞུང་གིས་དྲག་གནོན་དང་བཀག་སྡོམ་བྱས་མིན་ལ་མ་ལྟོས། མི་མང་གིས་ཁོང་སྲིད་འཛིན་ནས་རྩ་དགོངས་ཞུ་དགོས་པའི་དགོས་འདུན་ལས་འགུལ་སྤེལ་བཞིན་འདུག འོན་ཀྱང་ཁོང་གིས་རྩ་དགོངས་ཞུ་འདོད་ཡོད་པའི་རྣམ་འགྱུར་གང་ཡང་བསྟན་མེད་འདུག
ཟླ་༩ པའི་ཚེས་༦ ཉིན་བྷེ་ལ་རུའི་རྒྱལ་ས་མེན་སེཀ་ནང་དུ། མི་མང་འབུམ་གཅིག་ལས་མང་བ་དང་དེ་བཞིན་ས་གནས་མང་པོ་ཞིག་ཏུ་མི་མང་གིས། ལས་ཁུར་སྲིད་འཛིན་ལཱུ་ཤན་ཀུ་རྩ་དགོངས་ཞུ་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་འདུག རྒྱལ་ཁབ་དེའི་ནང་སྲིད་བློན་ཆེན་ལས་ཁང་གིས་བརྗོད་དོན་ལྟར་ན། ཉུང་མཐར་ལ་མི་མང་༡༠༠ འཛིན་བཟུང་བྱས་ཡོད་འདུག
ཟླ་༨ པའི་ཚེས་༩ ཉིན་བྷེ་ལ་རུར་སྲིད་འཛིན་འོས་བསྡུ་བྱས་ཡོད་པ་དང་། རྒྱལ་ཁབ་དེའི་སྲིད་དབང་ཡུན་རིང་འཛིན་མཁན་སྲིད་འཛིན་(Alexander Lukashenko) གྱིས་ཁོང་ལ་འོས་གྲངས་བརྒྱ་ཆ་༨༠ ཐོབ་ནས་བསྐྱར་དུ་རྒྱལ་ཁ་ཐོབ་ཡོད་སྐོར་བསྒྲགས་པར། མི་མང་དང་ཕྱོགས་འགལ་སྲིད་དོན་ཚོགས་པ་ཚོས་འོས་བསྡུའི་གྲུབ་འབྲས་དེ་རྫུན་བཟོ་ཡིན་པའི་ཉེས་འཛུགས་བྱས་ཡོད་ཁར། ཕྱོགས་འགལ་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་(Svetlana Tikhanovskaya) ཡིས་རྒྱལ་ཁབ་གཞན་དུ་བྲོས་བྱོལ་དུ་ཕྱིན་ནས། འོས་བསྡུའི་རྒྱལ་ཁ་དེ་རང་ཉིད་ལ་ཐོབ་ཡོད་པའི་གསལ་བསྒྲགས་བྱས་ཡོད་འདུག འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་ནས་བཟུང་། མི་མང་གིས་མུ་མཐུད་ནས་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་འདུག་པས། ལས་འགུལ་དེ་ནི་ད་བར་རྒྱལ་ཁབ་དེ་ཕྱི་ལོ་༡༩༩༡ ལོར་རང་བཙན་ཐོབ་པའི་རྗེས་སུ་སྲིད་དབང་སྒེར་འཛིན་པའི་གཞུང་ལ་ངོ་རྒོལ་ལས་འགུལ་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག
ལས་ཁུར་སྲིད་འཛིན་(Alexander Lukashenko) ཡིས་ཕྱི་ལོ་༡༩༩༤ ལོ་ནས་སྲིད་དབང་བཟུང་ཡོད་འདུག་པ་དང་། ཐེངས་འདིར་ཡང་སྲིད་འཛིན་འོས་མི་ཡིན་འདུག ཁོང་ལ་མི་ཚོས་ཡུ་རོབ་ཀྱི་དབང་ཆ་གཅིག་སྡུད་རིང་ལུགས་པ་མཐའ་མ་ཞེས་མིང་བཏགས་ཡོད་འདུག
ཡུ་རོབ་མཐུན་ཚོགས་ཀྱིས་བྷེ་ལ་རུའི་འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་མེད་པ་གསལ་བསྒྲགས་བྱས་ཟིན་ཁར། གྲུབ་འབྲས་རྫུན་བཟོ་བྱེད་མཁན་དང་། ངོ་རྒོལ་བ་ཚོར་དྲག་གནོན་བྱེད་བཞིན་པ་དེར་འགན་ཡོད་མཁན་ཚོར་དམིགས་ནས་ཉེས་ཆད་གྲ་སྒྲིག་བྱེད་བཞིན་ཡོད་འདུག་པ་དང་། འཇར་མན་དང་ཧྥ་རན་སིའི་འགོ་ཁྲིད་དང་། དེ་བཞིན་ཡུ་རོབ་ལྷན་ཚོགས་ཀྱི་ཚོགས་གཙོ་སོགས་ནས། བྷེ་ལ་རུའི་སྲིད་འཛིན་གྱི་མཐུན་ཕྱོགས་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་ལ་ཁ་པར་བརྒྱུད་ནས། རྩོད་རྙོག་དེ་སེལ་ཆེད་དུ་གྲོས་མོལ་བྱེད་པའི་ལམ་སྟོན་བྱེད་དགོས་པའི་སྐུལ་མ་བྱས་ཡོད་འདུག ཨུ་རུ་སུས་རྩོད་རྙོག་དེའི་ནང་ཐེ་བྱུས་བྱེད་སྲིད་སྐོར་དང་། རྒྱལ་ཁབ་གཞན་ནས་བྷེ་ལ་རུའི་ནང་ཐེ་བྱུས་དང་འགོ་ཁྲིད་ཚོར་གནོན་ཤུགས་སྤྲོད་ཐབས་བྱས་ནས་ངོས་ལེན་བྱེད་ཐབས་མེད་པའི་ཉེན་བརྡ་བཏང་ཡོད་འདུག
ད་ལྟའི་ཆར་ཡུ་རོབ་ཀྱི་རྒྱལ་ཁབ་ལཱི་ཐུ་ནི་ཡ་དང་ལཱ་ཀྲི་ཝི་ཡ། ཨིསེ་ཏོ་ནི་ཡ་བཅས་ནས་ཡུ་རོབ་ཀྱི་རྒྱལ་ཁབ་གཞན་ལ་མ་བསྒུག་པར། བྷེ་ལ་རུའི་སྲིད་འཛིན་དང་གཞན་འགོ་ཁྲིད་༢༩ ལ་འགྲུལ་སྐྱོད་བཀག་སྡོམ་བྱས་ཟིན་འདུག་པ་དང་། ལཱི་ཐུ་ནི་ཡའི་ཕྱི་སྲིད་བློན་ཆེན་གྱིས་ཡུ་རོབ་མཐུན་ཚོགས་ནས་བྷེ་ལ་རུའི་འགོ་ཁྲིད་དེ་དག་ལ་ཉེས་ཆད་གཏོང་དགོས་པ་གལ་ཆེན་ཡིན་པ་དང་། ཁ་གཏད་བཅག་པའི་དུས་ཚོད་འཕྱི་དྲགས་ན་སྤྱི་ཚོགས་དང་དབང་འཛིན་པ་ཚོར་ཤུགས་རྐྱེན་སྤྲོད་ཐུབ་རྒྱུ་མིན་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།