བོད་ཀྱི་ཆོས་ཚོགས་ཐེངས་བཅུ་པ་འཚོག་བཞིན་པ།

    ཉིན་དང་པོའི་སྔ་དྲོའི་ཚོགས་ཐུན་དང་པོའི་གཙོ་སྐྱོང་བ་ྋརྒྱལ་བ་ཀརྨ་རིན་པོ་ཆེ་དང༌། ཉིན་རྒྱབ་ཐུན་གཉིས་པར་ཤར་པ་ཆོས་རྗེ་རིན་པོ་ཆེ། ཐུན་གསུམ་པར་འབྲི་གུང་ཆེ་ཚང་རིན་པོ་ཆེའི་སྐུ་ཚབ་རྒྱལ་ར་ཁྲི་ཚབ་རིན་པོ་ཆེ་དང༌། ཉིན་གཉིས་པའི་སྔ་དྲོ་ཚོགས་ཐུན་བཞི་པར་ས་སྐྱ་གོང་མ་རིན་པོ་ཆེ། ཐུན་ལྔ་པར་སྨན་རི་ཁྲི་འཛིན་རིན་པོ་ཆེ། ཐུན་དྲུག་པར་གྲུབ་དབང་པད་ནོར་རིན་པོ་ཆེའི་སྐུ་ཚབ་མཁན་པོ་པདྨ་ཤེས་རབ་མཆོག ཕྱི་དྲོ་ཐུན་བདུན་པར་འབྲུག་ཆེན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་འཇིགས་མེད་རྡོ་རྗེ། ཐུན་བརྒྱད་པ་དང་ཉིན་གསུམ་པའི་ཕྱི་དྲོ་ཚོགས་ཐུན་དགུ་པའི་གཙོ་སྐྱོང་བ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་བཅས་ཡིན་པ་རེད། ཚོགས་འདུའི་ཉིན་གསུམ་པར་ཆོས་རིག་དྲུང་ཆེ་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ལགས་ནས་ཆོས་ཚོགས་ཐེངས་བཅུ་པའི་གྲོས་གཞི་དང་གྲོས་ཆོད་སྙན་སེང་ཞུ་རྒྱུ། ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྒྱུ་བཅས་ཡིན་པ་རེད། ཚོགས་ཐོག་ཏུ་ྋརྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ནས་ཁྲིམས་ཡིག་ཅིག་གཅིག་འགྱུར་བྱེད་པ་ལ། སྔོན་ལ་ཁྲིམས་ཀྱི་ཤེས་བྱ་ཤེས་དགོས་པ་མ་ཟད། ཁྲིམས་ཀྱི་རྒྱབ་ལྗོངས་ཡང་ཤེས་དགོས་པ་རེད། དུས་རྒྱུན་ཁྲིམས་ལུགས་ཤེས་ཀྱི་མེད་ཀྱང་དེ་རིང་འདིར་བཀའ་མོལ་གནང་དགོས་ཐུག་གི་རེད་བསམ་ནས་བྲེལ་བ་ཚབ་འཚུབ་བྱས་ན་ཏག་ཏག་བསྡད་ཀྱི་མ་རེད་ཅེས་སོགས་བླང་དོར་བཀའ་སློབ་གནང་སོང༌།
    ཆོས་ཚོགས་འཚོགས་དགོས་དོན་ག་རེ་ཡིན་མིན་སྐོར་སོགས་ཆོས་རིག་དྲུང་ཆེ་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ལགས་ལ་བཅར་འདྲི་ཞུས་པར། ཁོང་གིས་ཆོས་ཚོགས་འདི་ཐེངས་བཅུ་པ་དེ་ཡིན་པ་དང༌། བཙན་བྱོལ་དུ་འབྱོར་ནས་མི་ལོ་༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་ལས་འཆར་ཨང་དང་པོ་དེ་ཆགས་བསྡད་ཡོད་རེད། ང་ཚོས་བླ་ཆེན་དང་སྐུ་ཚབ་༨༣ ཙམ་ལ་མགྲོན་ཤོག་ཕུལ་ཡོད་རེད་དེ། དངོས་སུ་༦༢ ཕེབས་ཐུབ་འདུག དེའི་ནང་ནས་བླ་ཆེན་གཙོ་བོ་ྋརྒྱལ་བ་ཀརྨ་པ་རིན་པོ་ཆེ་དང༌། ཤར་པ་ཆོས་རྗེ་རིན་པོ་ཆེ་གཉིས་ཕེབས་ཡོད་པ་དང༌། ས་སྐྱ་གོང་མ་རིན་པོ་ཆེ་དང༌། སྨན་རི་ཁྲི་འཛིན་རིན་པོ་ཆེ་གཉིས་སང་ཉིན་ཆིབས་བསྒྱུར་གནང་གི་རེད། གྲོས་གཞི་གཙོ་བོ་བརྒྱད་ཡོད་པའི་ནང་དབང་ལྡན་ཆོས་དོན་ལྷན་ཚོགས་འཛུགས་དགོས་མིན་ཐད་བཀའ་བསྡུར་གནང་རྒྱུ་དང༌། གཞན་ཡང༌། ཆོས་བརྒྱུད་ཁག་སོ་སོའི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཐད་སྔར་ཡིན་ན་ཆོས་བརྒྱུད་སོ་སོ་ནས་ཐག་གཅོད་བྱས་རྗེས་ཆོས་དོན་ལས་ཁུངས་ཀྱིས་གསལ་བསྒྲགས་བྱེད་ཀྱི་ཡོད་རེད། ཆོས་དོན་ལྷན་ཚོགས་བཙུགས་པ་ཡིན་ན་དེའི་སྒྲིག་གཞི་དེ་བརྟན་དུ་འགྲོ་བ་དང༌། སྤྱི་ལ་ཁྱབ་པའི་སྒྲིག་འཛུགས་ཤིག་ཡིན་པས་བརྟན་པོ་ཆགས་ཀྱི་རེད། གྲོས་གཞི་གཞན་ཞིག་ནི་དགེ་འདུན་པ་ཚོའི་ངོས་ནས་ཚུར་བོད་པའི་སྤྱི་ཚོགས་ལ་ཞབས་འདེགས་ག་རེ་ཞུ་ཐུབ་ཀྱི་འདུག་དེ་རེད། དེ་ཕལ་ཆེར་ཆབ་སྲིད་དང་འབྲེལ་བ་ཡོད་ཀྱི་རེད་བསམ་གྱི་འདུག བོད་གནས་དང་མ་གནས་དེ་བོད་ཀྱི་ཆོས་དང་རིག་གཞུང་ལ་འབྲེལ་བ་ཞེ་དྲག་ཡོད་སྟབས། ང་ཚོའི་ངོས་ནས་ཕར་བསྟུན་དགོས་པ་དང༌། ཕར་ཕྱོགས་ནས་ཚུར་བསྟུན་དགོས་པ་བཅས་མཉམ་རུབ་ཀྱིས་སྒྲུབ་དགོས་པ་ཡིན་སྟབས། དོན་ཚན་དེ་གསུམ་གལ་ཆེ་ཤོས་རེད་བསམ་གྱི་འདུག གཞན་ཇོ་ནང་སྐོར་དང་དགེ་བཤེས་མ་དང་མཁན་མོ་སོགས་ཀྱི་ཐད་བགྲོ་གླེང་གནང་གི་ཡོད་རེད་ཅེས་གསུངས་སོང༌། གཞན་ཡང་ཆོས་ཚོགས་དེར་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ་ཡང་ཕེབས་ཡོད་པ་རེད།།