འཐབ་རྩོད་དང་མི་སེམས།

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༧༧ །

འཇིག་རྟེན་འདིའི་ནང་ལས་དོན་མང་པོ་ཞིག་མི་སེམས་དང་འབྲེལ་བ་ཡོད་ལ། མི་སེམས་གསོན་པོར་གནས་པ་དེ་སྲིད་ཀྱི་བར་ལས་དོན་གང་ཡང་ཡིན་ཡང་གྲུབ་འབྲས་འཐོན་ཐུབ། མི་ཞིག་གམ་སྤྱི་ཚོགས་ཤིག་གི་ངོས་ནས་ལས་དོན་རྒྱ་ཆེ་ཆུང་གང་འདྲ་ཞིག་བསྒྲུབ་ཀྱང། དེ་བསྒྲུབ་པའི་བསམ་བློའི་སྟོབས་ཤུགས་དེ་མེད་ན་ལས་དོན་དང་བྱ་བཞག་རྒྱ་ཆེ་ཆུང་ག་འདྲ་ཞིག་ཡིན་ཡང་གྲུབ་འབྲས་ཡོང་རྒྱུའི་རེ་བ་གཏན་ནས་མེད། བོད་དོན་འཐབ་རྩོད་དང་འབྲེལ་བའི་ཐོག་ནས་བཤད་ཀྱང་ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་སེམས་ཤུགས་དང་སྙིང་སྟོབས་ཧ་ཅང་ཉམས་ཆག་ཏུ་ཕྱིན་ཟིན་པས། མི་སེམས་འགུལ་བའི་ལས་འགུལ་དང་ལས་དོན་དམིགས་བསལ་ཞིག་མ་བྱུང་བ་དེ་སྲིད་དུ་བོད་དོན་འཐབ་རྩོད་ཀྱི་གསོན་ཤུགས་ཀྱང་སླར་གསོ་བྱ་རྒྱུའི་གོ་སྐབས་ཤིག་ཕལ་ཆེར་ཁག་པོ་རེད། མི་སེམས་ཀྱི་གསོན་ཤུགས་མ་ཉམས་ན་འཐབ་རྩོད་བྱ་རྒྱུའི་གོ་སྐབས་སྔ་ཕྱི་ཙམ་མ་གཏོགས་ག་དུས་ཡིན་ཡང་འཐོབ་ངེས་ཡིན་ཡང། མི་སེམས་ཀྱི་གསོན་ཤུགས་ཉམས་ཟིན་ན་གོ་སྐབས་མདུན་དུ་སླེབས་ཀྱང་འཛིན་མི་ཐུབ།

བོད་དོན་འཐབ་རྩོད་བྱེད་ཡུལ་རྒྱ་དམར་གཞུང་ནི་དམག་དོན་དང་དཔལ་འབྱོར་སོགས་སྟོབས་ཤུགས་ཆེན་པོ་ཡིན་པའི་རྒྱུ་མཚན་གྱིས་བོད་ཀྱི་བདེན་དོན་འཐབ་རྩོད་ལ་ནུས་པ་འཐོན་རྒྱུའི་རེ་བ་མེད་ཚུལ་བརྗོད་མཁན་ཡོད་ཀྱང། མི་འབོར་ས་ཡ་གཅིག་དང་འབུམ་བཞི་(༡༤༠༠༠༠༠)ཙམ་ལས་མེད་པའི་ཡུ་རོབ་ཀྱི་རྒྱལ་ཁབ་ཨེས་སི་ཊོ་ནི་ཡ་(Estonia)ཕྱི་ལོ་༡༩༩༡ ལོའི་ཟླ་༨ ཚེས་༢༠ ཉིན། སྟོབས་ཆེན་རྒྱལ་ཁབ་ཨུ་རུ་སུའི་འོག་རང་བཙན་ཐོབ་པའི་རྒྱལ་ཁབ་ཅིག་ཡིན་ལ། གོང་དུ་བཤད་པ་བཞིན་མི་འབོར་ཉུང་བ་དང། རྒྱལ་ཁབ་སྤྱི་ཡོངས་ཀྱི་ས་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི་བཞི་དང་ཕྱེད་ཙམ་ལས་མེད་པར་བཤད། སྐབས་དེ་དུས་ཨུ་རུ་སུ་ལ་མཚོན་ན་འཛམ་གླིང་ཁྱོན་ཡོངས་ནས་དམག་དོན་གྱི་སྟོབས་ཤུགས་ཨང་དང་པོ་ཡིན་ཡང། མི་འབོར་ཉུང་ཉུང་དེ་ཙམ་ལ་རང་བཙན་གྱི་གོ་སྐབས་ཐོབ་པའི་གནས་ལུགས་ལ་བསམ་བློ་བཏང་ན་མི་འབོར་ས་ཡ་བདུན་ལྷག་དང། ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་དང་ཕྱེད་ཙམ་ཡོད་པའི་བོད་ལ་རྒྱ་ནག་གི་འོག་ནས་རང་བཙན་སླར་གསོ་ཡོང་རྒྱུའི་རེ་བ་གཏན་ནས་མེད་པ་ག་ལ་ཡིན།

ད་ལྟའི་ཆར་ཨེས་སི་ཊོ་ནི་ཡ་ནི་ཡུ་རོབ་མཐུན་ཚོགས་(European Union)དང། བྱང་ཆིངས་སྒྲིག་འཛུགས་(NATO)ཀྱི་ཁོངས་གཏོགས་རྒྱལ་ཁབ་ཅིག་ཀྱང་ཡིན།  མི་འབོར་མང་ཉུང་དང་ས་ཁྱོན་ཆེ་ཆུང་ལ་མ་ལྟོས་པར་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་ཀྱང་ཨེས་སི་ཊོ་ནི་ཡར་མིག་དཔེ་བལྟས་ནས་སྙིང་སྟོབས་བློ་གྲོས་ལྡན་པའི་མི་སྣ་མང་པོ་ཞིག་སྐྱེད་སྲིང་བྱེད་ཐུབ་ན། “མི་ལ་བརྩོན་འགྲུས་ལྡན་གྱུར་ན།། འཇིག་རྟེན་འདི་ན་དཀའ་བ་མེད།།”ཅེས་པ་བཞིན་གྲུབ་འབྲས་འཐོན་ངེས་རེད། གཙོ་ཆེ་ཤོས་མིའི་སེམས་ཤུགས་དང་སྙིང་སྟོབས་མ་ཉམས་པར་སྤོབས་པའི་མགོ་བོ་གནམ་ལ་བཏེགས་ནས་མདུན་དུ་བསྐྱོད་ཐུབ་ན། ང་ཚོའི་མིག་མདུན་དུ་བོད་དོན་འཐབ་རྩོད་ཀྱི་མིག་དཔེར་འོས་པའི་གནད་དོན་མང་པོ་ཡོད། དེར་བརྟེན་མི་མང་གིས་ཡིད་ཆེས་དང་དགའ་མོས་བྱེད་ཡུལ་ཆོས་དང་འཇིག་རྟེན་གང་ཐད་ནས་ནུས་པ་ལྡན་པའི་མི་སྣ་དག་གིས་ད་ལྟའི་ཆར་རྒྱལ་སྤྱིའི་སྒང་དུ་བོད་དོན་རྒྱབ་སྐྱོར་འཚོལ་བ་ལས་ཀྱང། བོད་པ་ནང་ཁུལ་དུ་འཐབ་རྩོད་ཀྱི་སེམས་ཤུགས་སླར་གསོ་ཡོང་ཐབས་དགོས་པ་གལ་ཆེན་པོར་གྱུར་ཡོད།

ད་ལྟའི་གནས་སྟངས་འདི་ལྟར་མུ་མཐུད་དུ་སོང་ན་གནད་དོན་གང་ཞིག་ལ་བརྟེན་ནས་རྒྱ་དམར་གཞུང་འཐོར་ཞིག་ཏུ་གྱུར་པའི་དབང་དུ་བཏང་ཡང། བོད་རྒྱལ་ཁབ་སླར་གསོའི་གོ་སྐབས་དམ་འཛིན་བྱེད་ཐུབ་པའི་གྲ་སྒྲིག་དང་སེམས་ཤུགས་ཡོད་མཁན་ཞིག་ཕལ་ཆེར་ཁག་པོ་རེད། བཙན་བྱོལ་དུ་སླེབས་པ་རྣམས་ལ་མཚོན་ན་ལོ་རེ་ནས་ལོ་རེ་བཞིན་འཐབ་རྩོད་བྱ་རྒྱུའི་སེམས་ཤུགས་ཡོད་མཁན་དཀོན་དུ་འགྲོ་བཞིན་ཡོད་ལ། སྐབས་རེ་བོད་ཀྱི་རང་བཙན་སླར་གསོའི་སྐོར་བཤད་པ་ཐོས་ན་བོད་མི་ཁག་ཅིག་རྒྱ་གཞུང་ལས་ཀྱང་ཁོང་ཁྲོ་ཟ་གི་ཡོད་པ་ལྟ་བུ་མཐོང་རྒྱུ་ཡོད། སློབ་སྦྱོང་གི་ལག་ཁྱེར་མཐོན་པོ་ཡོད་མཁན་མང་པོ་ཡོད་ཀྱང། བྱས་རྗེས་དང་གྲུབ་འབྲས་ཐོབ་མཁན་གྱི་མི་སྣ་ནི་ཕལ་ཆེར་མཐོང་དཀོན་པོ་རེད། སློབ་སྦྱོང་ག་འདྲ་བྱས་ཀྱང་མཐའ་མ་གཞན་གྱི་གཡོག་ཏུ་རྒྱུག་རྒྱུའི་བསམ་བློ་ཁོ་ན་གཏོང་གི་ཡོད། མི་ལོ་ཉི་ཤུ་ལྷག་ཆོས་ཕྱོགས་སུ་སློབ་སྦྱོང་བྱེད་མཁན་མང་པོ་ཞིག་ཀྱང་མཐའ་མ་ཟ་ཁང་དུ་ཐབ་གཡོག་བྱ་རྒྱུར་ཅི་མི་སྙམ་པ་ནི། གཙོ་བོ་སེམས་ཤུགས་དང་སྙིང་སྟོབས་ཀྱི་གཞི་རྩ་བརྟན་པོ་ཞིག་མེད་པ་ལ་བརྟེན་ནས་བྱུང་བ་རེད།

མདོར་ན་བོད་དོན་འཐབ་རྩོད་ཀྱི་གཞི་རྩ་ཕྱིའི་མཐུན་རྐྱེན་ཁོ་ན་མ་ཡིན་པར། འཐབ་རྩོད་བྱེད་མཁན་ཚོའི་ནང་གི་སེམས་ཤུགས་དང་སྙིང་སྟོབས་ལ་རག་ལས་ཡོད། བོད་ནང་དུའང་རྒྱ་གཞུང་གི་དམ་དྲག་ལ་བརྟེན་ནས་ནུས་པ་འདོན་སའི་ཁོར་ཡུག་མེད་པ་དང། ན་གཞོན་མང་པོ་ཞིག་ཀྱང་རྒྱ་གཞུང་གི་བསམ་བློའི་སློབ་གསོ་བཙན་གྱིས་སྤྲད་ནས་བོད་ཀྱི་ལོ་རྒྱུས་དང་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་དང་རྒྱང་ཐག་རིང་དུ་འགྱུར་བཞིན་ཡོད་པས། ཡུན་རིང་མི་འགོར་བར་བོད་ཀྱི་ཆོས་དང་རིག་གནས་སྐད་ཡིག་དང་བཅས་མིང་གི་ལྷག་མ་ཙམ་དུ་བསྒྱུར་རྒྱུའི་འཆར་གཞི་ལ་གྲུབ་འབྲས་ཐོན་རྒྱུའི་ཉེན་ཁ་ཡོད། ༧གོང་ས་མཆོག་ཞལ་བཞུགས་སྐབས་བོད་མི་ཚང་མའི་སྙིང་ལ་རུས་པ་བཅུག་ནས་འཐབ་རྩོད་ཀྱི་བསམ་བློ་དང་སེམས་ཤུགས་སླར་གསོ་བྱེད་མ་ཐུབ་ན། དེའི་རྗེས་སུ་རེ་བ་ཆེན་པོ་ཞིག་གང་ཡང་མེད་པར་འགྱུར་ངེས་རེད། དེར་བརྟེན་རྒྱལ་ཞེན་དང་སེམས་ཤུགས་འཐབ་རྩོད་ཀྱི་བསམ་བློ་བཅས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བྱེད་ཐུབ་ན་འགྱེལ་ས་ནས་ལང་ཐུབ་པའི་གོ་སྐབས་ཡོད།།