འདི་ལོར་སྲིད་སྐྱོང་སློབ་ཡོན་གཟེངས་རྟགས་ལེན་མཁན་སློབ་མ་༡༩ བྱུང་འདུག
ཟླ་འདིའི་ཚེས་༡༣ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་CBSE ཀྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་དང་། འདི་ལོར་སྲིད་སྐྱོང་སློབ་ཡོན་གཟེངས་རྟགས་ལེན་མཁན་སློབ་མའི་གྲངས་༡༩ བྱུང་འདུག
དེ་ཡང་ཕྱི་ལོ་༢༠༡༣ ལོར་སྲིད་སྐྱོང་སློབ་ཡོན་གཟེངས་རྟགས་ཐོག་མར་དབུ་འཛུགས་གནང་བ་ནས་བཟུང་འདི་ལོར་སྲིད་སྐྱོང་སློབ་ཡོན་གཟེངས་རྟགས་ལེན་མཁན་སློབ་མའི་གྲངས་༡༩ བྱུང་བ་མ་ཟད། སློབ་ཕྲུག་ཕལ་ཆེ་བས་ཡིག་རྒྱུགས་ཀྱི་བརྒྱ་ཆ་༩༥ ལོན་ཐུབ་པ་བྱུང་ཡོད་འདུག
འདི་ལོའི་སྲིད་སྐྱོང་གཟེངས་རྟགས་ལེན་མཁན་སློབ་ཕྲུག་༡༩ བྱུང་བའི་ཁོངས་ནས་མ་སུ་རི་བོད་ཁྱིམ་ནས་སློབ་ཕྲུག་༡༤། མོན་གྷོ་སཾ་བྷོ་གཏན་སློབ་ནས་སློབ་ཕྲུག་༢། སེ་ལ་ཀུའི་བོད་ཁྱིམ་དང་། སུ་ཇ་བོད་ཁྱིམ། ཧར་པ་སྤུར་གཏན་སློབ་བཅས་ནས་སློབ་ཕྲུག་རེར་བཅས་ཁྱོན་བསྡོམས་སློབ་ཕྲུག་༡༩ བྱུང་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་གིས། ཐེངས་འདིར་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ནང་བོད་སློབ་ཁག་གི་སློབ་ཕྲུག་རྣམས་ཀྱི་ཡིག་རྒྱུགས་གྲུབ་འབྲས་གང་ལེགས་བྱུང་བར་སློབ་ཕྲུག་དང་དགེ་རྒན། ཕ་མ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་བཅས་ལ་བསྔགས་བརྗོད་དང་འབྲེལ་འཚམས་འདྲི་གནང་འདུག
བཀའ་ཤག་སྐབས་༡༤ དང་༡༥ ནས་ལས་དོན་ཚང་མའི་ནང་ནས་ཤེས་ཡོན་གལ་ཆེ་ཤོས་རྩི་བཞིན་ཡོད་པ་ལྟར། འབྲེལ་ཡོད་ཕ་མ་དང་སློབ་ཕྲུག དགེ་རྒན་སོགས་ཀྱིས་དཀའ་ལས་བརྒྱབ་པར་བརྟེན་འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ཡང་རྩེར་སོན་ཐུབ་པ་བྱུང་ཡོད་ཅེས་གསུངས།
འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག་༡༦ ནས་སློབ་ཕྲུག་གྲངས་༡༠༡༦ ཡིག་རྒྱུགས་ནང་འཛུལ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་༩༩༨ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བཙན་བྱོལ་བོད་མིའི་སློབ་གྲྭའི་ཆ་སྙོམས་བརྒྱ་ཆ་ནི་༩༨་༢༣ ལོན་ཡོད་པར་བརྟེན་སྔ་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ལས་བརྒྱ་ཆ་ ༡.༢༣ འཕར་ཆ་བྱུང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།