འབར་མའི་བུད་མེད་མང་པོ་ཞིག་མི་སེར་དཀྱུས་མའི་དམག་ནང་འཛུལ་བཞིན་འདུག 

འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྲིད་གཞུང་གི་སྲིད་དབང་བཙན་འཕྲོག་བྱས་པ་མ་ཟད། མང་ཚོགས་མང་པོ་ཞིག་དམར་གསོད་གཏོང་བཞིན་ཡོད་ཁར་རང་དབང་དང་མང་གཙོ་སོགས་རྡོག་རོལ་གཏོང་བཞིན་ཡོད་པས། རྒྱལ་ཁབ་དེའི་བུད་མེད་མང་པོ་ཞིག་མི་སེར་དཀྱུས་མའི་གྱེན་ལངས་དམག་ནང་འཛུལ་ནས་དམག་འཐབ་བྱེད་བཞིན་འདུག 

ཟླ་༢ པའི་ཚེས་༡ ཉིན་འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་འོས་བསྡུ་དྲང་བདེན་བྱུང་མེད་སྐོར་བརྗོད་ནས། མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་འགོ་ཁྲིད་ཚང་མ་འཛིན་བཟུང་བྱས་ཏེ་སྲིད་དབང་བཙན་འཕྲོག་བྱས་ཡོད་པ་དང་། ཐོག་མར་ལོ་གཅིག་རིང་ཛ་དྲག་གི་བཀའ་རྒྱ་བཏང་ཡོད་ཀྱང་། ཟླ་བ་༦ སོང་རྗེས་སླར་ཡང་ལོ་གཉིས་རིང་དུས་འགྱངས་བྱས་ཡོད་པ་རེད། སྲིད་དབང་བཙན་འཕྲོག་དེར་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་དང་དཔལ་འབྱོར་ཉེས་ཆད་བཏང་ཡང་། དོན་ཕན་ལྡན་པའི་གནོན་ཤུགས་སྤྲད་ཐུབ་མེད་ཁར། དམག་གི་སྒྲིག་འཛུགས་ཀྱིས་ངོ་རྒོལ་བ་མི་མང་དཀྱུས་མ་མང་པོ་གསོད་བཞིན་ཡོད་པས། མི་མང་དཀྱུས་མ་མང་པོ་ཞིག་གིས་དྲག་པོའི་གྱེན་ལངས་བྱེད་རྒྱུ་ལས་ལམ་ཁ་གཞན་མེད་པར་ངོས་འཛིན་གྱིས་མཉམ་ཞུགས་བྱེད་བཞིན་འདུག

ཟླ་༡༡ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཨལ་ཇི་ཛེ་རའི་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་འབར་མ་ནང་བུད་མེད་རྐྱང་པ་བྱས་པའི་དྲག་པོའི་གྱེན་ལངས་ཀྱི་རུ་ཁག་གཅིག་གསར་འཛུགས་བྱས་འདུག་པ་དང་། དེའི་ནང་དགེ་རྒན་སོགས་དེ་སྔོན་ཆེད་ལས་དང་ལས་རིགས་འདྲ་མིན་ལ་ཞུགས་མཁན་བུད་མེད་མང་པོ་ཞིག་ཡོད་འདུག རུ་ཁག་དེའི་ནང་གི་བུད་མེད་རྣམས་ཀྱིས་དམིགས་ཡུལ་གཙོ་བོ་ནི་དབང་ཆ་གཅིག་སྡུད་རིང་ལུགས་པ་དམག་གི་སྒྲིག་འཛུགས་རྩ་མེད་གཏོང་རྒྱུ་དང་། དེ་བཞིན་སྤྱི་ཚོགས་ནང་ཕོ་ཕོ་འདྲ་མཉམ་གྱི་ལྟ་ཕྱོགས་གོང་འཕེལ་བཏང་ནས། རྒྱལ་ཁབ་འཛུགས་བསྐྲུན་གྱི་ལས་གཞི་ནང་དུ་བུད་མེད་ཀྱིས་སྐྱེས་པ་དང་གཅིག་མཚུངས་ཀྱི་འགན་ཁུར་ཆེད་ཡིན་འདུག 

བུད་མེད་མང་པོ་ཞིག་བུད་མེད་རྐྱང་པ་ཡིན་པའི་དྲག་པོའི་གྱེན་ལངས་ཀྱི་རུ་ཁག་དེར་མཉམ་ཞུགས་བྱེད་ཀྱི་ཡོད་འདུག་པ་དང་། དེ་མིན་མང་པོ་ཞིག་ཕོ་མོ་གཉིས་ཀ་ཡོད་པའི་མི་སེར་དཀྱུས་མའི་དྲག་པོའི་གྱེན་ལངས་རུ་ཁག་ནང་དུ་མཉམ་ཞུགས་ཀྱིས་དམག་སྦྱོང་བྱས་ཏེ་དམག་གི་སྒྲིག་འཛུགས་དང་དམག་འཐབ་བྱེད་བཞིན་འདུག 

བརྒྱུད་ལམ་དེའི་བཅར་འདྲི་དང་ལེན་བྱེད་མཁན་གྱི་བུད་མེད་ཚོས་བརྗོད་དོན་ལ། དམག་གི་སྒྲིག་འཛུགས་ཀྱིས་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་གཞུང་གི་སྲིད་དབང་བཙན་འཕྲོག་བྱས་རྗེས། ཁོ་ཚོའི་མདུན་ལམ་མེད་པ་ཆགས་ཡོད་པ་མ་ཟད། དམག་མིས་རང་དབང་དང་མང་གཙོར་རྡོག་རོལ་གཏོང་གི་ཡོད་པའི་ཐོག འཚོ་བའི་ཐོག་དཀའ་ངལ་ཆེན་པོ་བཟོས་ཡོད་པས། དམག་གི་སྒྲིག་འཛུགས་རྩ་མེད་བཟོ་རྒྱུ་དེ་ནི་མ་འོངས་མདུན་ལམ་ཡག་པོ་ཆགས་ཆེད་ཀྱི་ལམ་ཁ་གཅིག་པུ་དེ་ཡིན་སྐོར་བརྗོད་འདུག 

ཟླ་༥ པའི་རྗེས་ནས་མི་སེར་དཀྱུས་མའི་དྲག་པོའི་གྱེན་ལངས་རུ་ཁག་མང་པོ་ཞིག་གིས།  ལོ་མང་རིང་ནས་འབར་མའི་དམག་གི་སྒྲིག་འཛུགས་དང་འཐབ་རྒོལ་བྱེད་བཞིན་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་དྲག་པོའི་གྱེན་ལངས་དམག་གི་རུ་ཁག་ནང་མཉམ་ཞུགས་བྱས་ཡོད་པ་རེད།

ད་ལྟ་བར་དུ་དམག་གི་སྒྲིག་འཛུགས་ཀྱིས་མི་མང་༡༢༦༠ དམར་གསོད་བཏང་ཡོད་པའི་ཁོངས་ནས་ཉུང་མཐར་༨༧ ནི་བུད་མེད་ཡིན་འདུག དེ་བཞིན་མི་མང་༡༢༠༠༠ ཙམ་བཙོན་འཇུག་བྱས་པའི་ཁོངས་ནས་བུད་མེད་༡༣༠༠ ལས་མང་བ་ཡོད་འདུག 

འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་ཁྲིམས་འགལ་དང་མི་སྤྱོད་ལས་འདས་པའི་དྲག་གནོན་དེ་དག་མུ་མཐུད་སྤེལ་བཞིན་ཡོད་པས། སློབ་ཕྲུག་དང་སློབ་དཔོན་སོགས་མི་མང་དཀྱུས་མ་མང་པོ་ཞིག་གིས་དྲག་པོའི་གྱེན་ལངས་རུ་ཁག་ནང་དུ་འཛུལ་ནས། འབར་མའི་དམག་དང་ལོ་མང་རིང་འཐབ་རྒོལ་བྱེད་བཞིན་པའི་གྲངས་ཉུང་མི་རིགས་ཀྱི་དྲག་དམག་ནས་དམག་སྦྱོང་བྱེད་བཞིན་ཡོད་པ་དང་། མི་མང་དཀྱུས་མ་དེ་དག་གིས་བདུན་ཕྲག་ཁ་ཤས་རིང་དམག་སྦྱོང་བྱས་རྗེས། ས་མཚམས་ཀྱི་གྲོང་གསེབ་ཁག་དང་དེ་མིན་གྲོང་ཁྱེར་ཁག་ཏུ་ཕྱིར་ལོག་གིས། འབར་མའི་དམག་གི་སྒྲིག་འཛུགས་དང་འཐབ་རྒོལ་བྱེད་བཞིན་འདུག ཁོ་ཚོས་དབང་ཆ་གཅིག་སྡུད་ཀྱི་དམག་གི་སྲིད་གཞུང་དེ་མེད་པ་མ་ཆགས་བར་དུ། དྲག་པོའི་གྱེན་ལངས་བྱེད་རྒྱུ་ལས་ལམ་ཁ་གཞན་མེད་སྐོར་བརྗོད་ཀྱི་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།