འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེའི་ནིའུ་ཡོག་གི་མཛད་འཕྲིན་དང་ཧི་མ་ལ་ཡའི་དཔེ་མཛོད་ཁང་དུ་བཀའ་སློབ།

ཉེ་ཆར་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ཕྱི་རྒྱལ་ཁག་ཏུ་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་བསྟུན། ཟླ་བ་འདིའི་ཕྱི་ཚེས་༢ ཉིན་རིན་པོ་ཆེས་ཨ་རིའི་ནིའུ་ཡོག་ཏུ་སེར་སྐྱ་མི་མང་སྟོང་གསུམ་ལ་ཉེ་བར་ཡོངས་སུ་གྲགས་པའི་འབྲི་གུང་འཕོ་བ་ཆེན་མོ་དང་མ་གཅིག་གྲུབ་རྒྱལ་གྱི་ཚེ་དབང་སོགས་དད་ལྡན་རྣམས་ལ་བཀའ་དྲིན་བསྕལ་འདུག་པ་དང་།

དེ་བཞིན་ཚེས་༣ ཉིན་ཧི་མ་ལ་ཡའི་རིག་གཞུང་བསྟི་གནས་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཧི་མ་ལ་ཡའི་དཔེ་མཛོད་ཁང་དུ་ཆིབས་བསྒྱུར་གནང་སྟེ། ༧སྐྱབས་མགོན་མཆོག་གིས་རྩོམ་སྒྲིག་གནང་བའི་༼ བོད་བཙན་པོའི་རྒྱལ་རབས་ ༽ ཞེས་པའི་ཕྱག་དེབ་ཐོག་བཀའ་སློབ་གནང་འདུག་པ་དང་།

སྐབས་དེར་ས་གནས་བོད་ཀྱི་གནད་ཡོད་མི་སྣ་དང་ཤེས་ལྡན་པ་ཁག་ཅིག་གཙོས་པའི་སེར་སྐྱ་མི་མང་དུ་མ་མཉམ་ཞུགས་གནང་འདུག འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ནས་བོད་བཙན་པོའི་རྒྱལ་རབས་དབུ་འཛུགས་གནང་དགོས་པའི་སྐོར་གསུངས་དོན། ཐོག་མར་བོད་ནང་གི་སློབ་གྲྭ་ཆེན་མོ་ཁག་ལ་བོད་རྙིང་མའི་སློབ་དེབ་ཟེར་བ་དེ་འདྲའི་དེབ་མང་པོ་ཞིག་དོན་ཡོད་པ་དང་། དེ་ཚོའི་འབྲུ་མཆན་མང་པོ་ཞིག་གི་ནང་ལ་དེ་འདྲ་ཡིན་ས་རེད་ཟེར་བ་མ་གཏོགས་ཏན་ཏན་གཅིག་ཁུངས་ག་ནས་ག་ནས་ཟེར་བ་དེ་མེད་ཅིང་། རིན་པོ་ཆེ་ཁོང་ཡང་བོད་ཡིག་གི་ཚིག་དེ་འདྲའི་ཐོག་དོ་སྣང་གནང་གི་ཡོད་པ། དེར་བརྟེན་ཁོང་གིས་འདིའི་ཐོག་ནས་ཞབས་ཞུ་ཏོག་ཙམ་ཐུབ་ས་རེད་དགོངས་ཏེ། བརྡ་རྙིང་གི་མིང་ཚིག་གསར་དུ་དྲུག་བརྒྱ་ལྷག་འཚོལ་བསྡུ་དང་འགྲེལ་བཤད་གནང་བ་སོགས་ཀྱིས་དབུ་འཛུགས་གནང་ཚུལ་སོགས་གསུངས། དེ་བཞིན་རྒྱལ་རབས་འདི་ཁོང་གིས་རྩོམ་སྒྲིག་གནང་བ་ལས་ཁོང་གི་རྩོམ་རང་མང་པོ་མེད་པས་ལྗགས་རྩོམ་གནང་བ་མིན་པར་ཁོང་གིས་རྩོམ་སྒྲིག་མཛད་པའི་སྐོར། གཞན་ཡང་བཙན་པོའི་རྒྱལ་རབས་ཀྱི་ཁྱད་ཆོས་དང་།  གཞན་ཡང་ས་ཁྲ་སོགས་རྒྱུ་ཆ་འཚོལ་བསྡུ་དང་རྩོམ་སྒྲིག་ཇི་ལྟར་མཛད་ཚུལ། བཙན་པོའི་རྒྱལ་རབས་ནང་གི་ལོ་ཚིགས་ཁག བོད་བཙན་པོའི་གོ་དོན། འབྲེལ་ཡོད་ཡིག་ཆ་དང་དཔྱད་གཞིའི་ཡིག་ཆ་གང་ཡོད་སོགས་གསུངས་པ་མ་ཟད། མ་འོངས་པར་དུས་ཁོམ་བྱུང་ན་རིན་པོ་ཆེ་མཆོག་གིས་བསྐྱར་དུ་བཙན་པོའི་རྒྱལ་རབས་ལ་ཞིབ་འཇུག་དང་ཁ་སྣོན་བྱ་རྒྱུའི་ཐུགས་རེ་ཡོད་སྐོར་སོགས་ཀྱི་བཀའ་སློབ་གནང་འདུག


གསར་འགོད་པ། བསྟན་འཛིན་ལམ་བཟང་།