རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་དམག་མི་མང་པོ་འགྲེམ་འཇོག་བྱས་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་གནས་ཚུལ་ལྟར་ན། ཟླ་བ་འདིའི་༡༢ ཚེས་ ༢༠ ཉིན་བོད་ནང་གི་ནང་བསྟན་སློབ་གཉེར་ཁང་ཆེན་མོ་གསེར་རྟ་བླ་རུང་སྒར་དུ་རྒྱ་ནག་གཞུང་གིས་དཀར་མཛེས་ཁུལ་བྲག་མགོ་རྫོང་སོགས་ནས་དམག་མི་ ༤༠༠ ཙམ་འགྲེམས་འཇོག་བྱས་པ་མ་ཟད། ཐད་འཕུར་གནམ་གྲུ་བརྒྱུད་གྲྭ་བཙུན་རྣམ་པའི་འགུལ་བསྐྱོད་ལ་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པར་བརྗོད་འདུག་ལ།
དེ་བཞིན་ཕྱི་ལོ་ ༢༠༢༥ ནས་འགོ་བཙུགས་ཏེ་བླ་རུང་སྒར་དུ་གྲྭ་བཙུན་རྣམས་ལོ་ ༡༥ ལས་མང་བ་གནས་སྡོད་བྱེད་མི་ཆོག་པའི་དམ་བསྒྲགས་སྲིད་བྱུས་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་པ་མ་ཟད། གྲྭ་བཙུན་གྱི་གྲངས་འབོར་ཇེ་ཉུང་དུ་གཏོང་ཕྱིར་སྲིད་གཞུང་གིས་བཅད་བགོས་བྱས་པའི་ཞིང་ཆེན་རིམ་པའི་ཐོག་ནས་གྲྭ་བཙུན་སློབ་གཉེར་བའི་ཞལ་གྲངས་ ༡༠༠༠ ལས་མ་བརྒལ་བར་ཚོད་འཛིན་བྱ་རྒྱུ་ཡིན་པ་ཁུངས་ལྡན་གནས་ཚུལ་འབྱོར་ཡོད་པར་བརྗོད་འདུག
གཞན་ཡང་རྒྱ་གཞུང་གིས་ཕྱི་ལོ་ ༢༠༠༡ དང་༢༠༠༢། ༢༠༡༦། ༢༠༡༧ བཅས་ལ་བླ་རུང་སྒར་དུ་དྲག་གནོན་གྱིས་གྲྭ་ཤག་སྟོང་ཚོ་བརྒལ་བ་གཏོར་བཤིག་བཏང་སྟེ། མདོ་དབུས་ཁམས་གསུམ་ནས་སློབ་གཉེར་ཆེད་ཕེབས་བཞུགས་གནང་བའི་གྲྭ་བཙུན་རྣམས་གཙོ་བོར་བྱས་ཏེ་དགོན་པ་དང་བྲལ་མི་འདོད་བཞིན་དུ་བཙན་དབང་གིས་ཕྱིར་འབུད་ཀྱིས། གྲྭ་བཙུན་གྱི་ཞལ་གྲངས་ཕྱེད་ཀ་ཙམ་ཉུང་དུ་གྲྭ་བཙུན་ཉུང་དུ་བཏང་ཡོད་འདུག སྤྱིར་རྒྱ་ནག་གཞུང་གིས་ད་ཞག་བོད་ཀྱི་ཆོས་དང་རིག་གནས་རྒྱུན་འཛིན་བྱེད་ས་གཙོ་བོ་དག་རྒྱ་ཆུང་དུ་དང་མེད་པ་བཟོ་བཞིན་ཡོད་པ་རེད།
བོད་བརྒྱུད་ནང་བསྟན་སློབ་གཉེར་ཁང་ཆེན་མོ་བླ་རུང་སྒར་ནི་ཕྱི་ལོ་༡༩༨༠ ལོར་ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་ནས་སྔར་གཏེར་ཆེན་བདུད་འཇོམས་གླིང་པས་ཕྱག་བཏབ་པའི་དགོན་གནས་དེ་ཉམས་གསོ་མཛད་དེ་ཐོག་མར་བཤད་གྲྭ་དང་སྒྲུབ་གྲྭ་བཙུགས་ཏེ། བཤད་སྒྲུབ་ཀྱི་བསྟན་པ་དར་རྒྱས་སུ་ཕྱིན་ཡོད་པ་དང་། རིམ་གྱིས་བོད་ཀྱི་རིག་པའི་གནས་ལྔ་ཡི་སློབ་གླིང་ཆེན་པོ་ཞིག་ཏུ་གྱུར་ཏེ། ཕྱི་ལོ་༡༩༨༧ ལོར་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་པ་མཆོག་གིས་གསེར་ཐང་བླ་རུང་དགོན་རིག་ལྔའི་ནང་བསྟན་སློབ་གྲྭ་ཞེས་པའི་མཚན་ཐོབ་གནང་ཡོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།