རྒྱ་གར་ནང་ཉིན་གཅིག་གི་ཏོག་དབྱིབས་ནད་པ་གསར་ཐོན་གྲངས་འབུམ་༢ ལས་ཉུང་བ་ཐོན་འདུག
རྒྱ་གར་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལ། ཚེས་༢༤ ཉིན་ཏོག་དབྱིབས་ནད་དུག་གསར་དུ་ཕོག་པའི་ཁ་གྲངས་༡,༩༦,༤༢༧ ཐོན་ཡོད་འདུག་པ་དང་། ཁ་གྲངས་དེ་ནི་འདས་པའི་ཉིན་གྲངས་༤༡ གི་ནང་དུ་ཁ་གྲངས་དམའ་ཤོས་དེ་ཆགས་འདུག དེ་དང་བསྟུན་ནས་ཉིན་དེར་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་ཚེ་སྲོག་ཤོར་མཁན་གྱི་ཁ་གྲངས་ནི་༣༥༡༡ ཡིན་འདུག་པ་དང་། དེ་ནི་འདས་པའི་ཉིན་གྲངས་༢༡ ནང་ཁ་གྲངས་དམའ་ཤོས་དེ་ཆགས་འདུག
དེ་ཡང་ཚེས་༢༤ ཉིན་རྒྱ་གར་ནང་མི་གྲངས་༢༠,༥༨,༡༡༢ ལ་ཏོག་དབྱིབས་ནད་དུག་འཕོག་ཡོད་མེད་ཀྱི་བརྟག་དཔྱད་བྱས་ཡོད་འདུག་པ་དང་། དེའི་ནང་ནད་དུག་ཕོག་པའི་གྲངས་༡,༩༦,༤༢༧ ཡིན་འདུག
ད་ལྟའི་ཆར་ནད་མནར་བཞིན་པའི་ཁ་གྲངས་ནི་༢༥,༨༦,༧༨༢ དང་ད་བར་ནད་དུག་ཕོག་པའི་ཁྱོན་བསྡོམས་ཁ་གྲངས་ནི་༢,༦༩,༤༨,༨༧༤ ཡིན་འདུག
རྒྱ་གར་གྱི་མངའ་སྡེ་མང་པོ་ཞིག་ནང་ཏོག་དབྱིབས་ནད་དུག་གི་ཁ་གྲངས་ཉུང་དུ་འགྲོ་བཞིན་ཡོད་ཀྱང་། ཧི་མ་ཅལ་དང་། ལྡི་ལི། ཧར་ཡ་ན། རཱ་ཇི་སེ་ཐན། པུ་ཌེ་ཆེ་རཱི་སོགས་ཀྱིས་ཟླ་༥ པ་མ་རྫོགས་བར་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་སྔོན་འགོག་ཆེད་དུ་ཁྱིམ་སྡོད་བཀག་རྒྱ་མུ་མཐུད་ནས་ལག་བསྟར་བྱེད་རྒྱུ་ཐག་གཅོད་བྱས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།