རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།

བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་། བརྟན་བཞུགས་ཀྱི་སྐབས་སུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་མ་འོངས་པའི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་དམ་བཅའ་གསུམ་ཕུལ་གནང་སོང་།

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༡ ཉིན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁྱོན་༣༠ ཙམ་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཤིང་། བརྟན་བཞུགས་འབུལ་མཁན་གྱི་ཁྲོད་དུ་རྒྱ་གར་རྒྱལ་ཡོངས་ཀྱི་མི་རིགས་དང་། ཆོས་ལུགས། ཆབ་སྲིད་ཚོགས་པ་འདྲ་མིན་རིག་གཞུང་འདྲ་མིན་ནས་ཕེབས་པའི་སྐུ་ཚབ་མི་གྲངས་༤༥༠ ཙམ་བཞུགས་སྒར་དུ་ཕེབས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་སོང་། བརྟན་བཞུགས་གྲུབ་རྗེས། ༧གོང་ས་མཆོག་གིས་བརྟན་བཞུགས་འབུལ་མཁན་རྣམས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཇལ་ཁ་གནང་པ་དང་། བརྟན་བཞུགས་ཀྱི་སྐབས་སུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ངོས་ནས་དམ་བཅའ་གསུམ་ཕུལ་སོང་བ་དག་ནི།
དང་པོ། ༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་བོད་རྒྱ་ཞི་མོལ་བསྐྱར་གསོ་ཡོང་ཐབས་སུ་འབད་བརྩོན་ཞུ་རྒྱུ།
གཉིས་པ། ཕྱི་ལོ་༢༠༢༥ ཟླ་༧ ཚེས་༢ ཉིན་༧གོང་ས་མཆོག་གིས་མ་འོངས་སྐུའི་ཡང་སྲིད་ཀྱི་ཐག་གཅོད་ནི་ཕྱི་ཕྱོགས་ནས་སུས་ཀྱང་ཐེ་བྱུས་མི་ཆོག་པའི་བཀའ་གནང་བ་ལ་རྒྱབ་སྐྱོར་ཞུ་རྒྱུ།
གསུམ་པ། བོད་ཀྱི་རྩ་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་། བོད་མིའི་འཐབ་རྩོད་ལ་མུ་མཐུད་ནས་རྒྱབ་སྐྱོར་ཞུ་རྒྱུ་བཅས་ཡིན་པ་བརྗོད་།
ཐེངས་འདིའི་བརྟན་བཞུགས་ཀྱི་གོ་སྒྲིག་ཐད་རོགས་རམ་གནང་མཁན་ལྡི་ལི་དོན་གཅོད་ཁང་གི་དོན་གཅོད་འཇིགས་མེད་འབྱུང་གནས་ཀྱིས་བརྗོད་དོན་ལ། ཐེངས་འདིའི་བརྟན་བཞུགས་ནི་རྒྱ་གར་གྱི་མངའ་སྡེ་སོ་སོའི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་༣༠ ཙམ་གྱི་འཐུས་མི་དང་། བཞུགས་སྒར་དུ་དངོས་སུ་ཕེབས་མཁན་ཚོགས་པ་༡༥ ཡོད་སྐོར་གསུངས་པ་མ་ཟད། ཚོགས་མི་རྣམས་རྒྱ་གར་གྱི་མངའ་སྡེ་ཚང་མ་ནས་ཕེབས་ཡོད་པ་མ་ཟད། ཆབ་སྲིད་ཚོགས་པ་དང་། ཆོས་ལུགས། མི་རིགས་འདྲ་མིན་བཅས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཡིན་སྐོར་གསུངས། ལྡི་ལི་དོན་གཅོད་ཁང་གིས་བརྟན་བཞུགས་གོ་སྒྲིག་གི་སྐབས་སུ་རོགས་རམ་ཙམ་གནང་བ་ལས། དཔལ་འབྱོར་གྱི་འགྲོ་གྲོན་ཆ་ཚང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སོ་སོས་བཏང་ཡོད་སྐོར་གསུངས་སོང།
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་འབྲེལ་མཐུད་པ་དང་། བརྟན་བཞུགས་གོ་སྒྲིག་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁེར་མེ་ཡིས་གསུངས་དོན། ཐེངས་འདིའི་བརྟན་བཞུགས་ནི་རྒྱ་གར་བ་རང་གིས་༧གོང་ས་མཆོག་ལ་ཕུལ་བའི་བརྟན་བཞུགས་ཤིག་ཆགས་ཀྱི་ཡོད་པ་དང་། བརྟན་བཞུགས་འདིའི་ཆེད་དུ་ཟླ་བ་བཞི་ལྔ་ཙམ་གྱི་རིང་ལ་གོ་སྒྲིག་ཞུས་པ་ཞིག་ཡིན། དེ་རིང་གི་བརྟན་བཞུགས་འདི་གཞན་དང་མི་འདྲ་བར་མི་རིགས་དང་། ཆོས་ལུགས། རིག་གཞུང་འདྲ་མིན་ནས་ཕེབས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་བ་རྣམས་མཉམ་ཞུགས་གནང་ཡོད་སྐོར་གསུངས་པ་དང་། ཁོང་གིས་དེ་རིང་དམིགས་བསལ་དུ་༧གོང་ས་མཆོག་གིས་བརྟན་བཞུགས་གྲུབ་རྗེས་ཚོགས་མི་ཚང་མར་མཇལ་ཁ་གནང་བར་ཧ་ཅང་དགའ་པོ་བྱུང་སྐོར་དང་། ཁོང་རང་ཉིད་ཀྱང་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་བ། བརྟན་བཞུགས་ལེགས་གྲུབ་བྱུང་བར་སེམས་པ་ཧ་ཅང་སྐྱིད་པོ་བྱུང་ཞེས་གསུངས་སོང་།
དེ་བཞིན་ཐེངས་འདིའི་བརྟན་བཞུགས་ཀྱི་སྐབས་སུ་༧གོང་ས་མཆོག་ལ་བྱམས་སྙིང་རྗེའི་བདག་ཉིད་མཚོན་པའི་བྱང་ཆུབ་ཤིང་གི་ལོ་མའི་དབྱིབས་ཅན་གྱི་གཟེངས་རྟགས་ཤིག་ཀྱང་ཕུལ་སོང་།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།