རྒྱ་གར་རང་བཙན་ཐོབ་པའི་ལོ་འདི་མི་གསོད་ཁྲག་སྦྱོར་བྱས་པའི་ལོ་ཞིག་ཀྱང་ཡིན་འདུག

མི་ལོ་༧༧ འདས་པའི་དེ་རིང་རྒྱ་གར་དབྱིན་ཇིའི་དབང་བསྒྱུར་འོག་ཏུ་ལོ་ངོ་༢༠༠ ལྷག་ཏུ་གནས་དགོས་བྱུང་བའི་རྗེས་སུ་རང་བཙན་ཐོབ་པའི་ཉིན་མོ་ཞིག་ཡིན་ཀྱང་། ཕྱོགས་གཞན་ནས་ཕྱི་ལོ་༡༩༤༧ ལོར་རྒྱ་གར་གྱི་ནུབ་ཤར་མངའ་ཁུལ་མང་པོ་ཞིག་རྒྱ་གར་དང་ཁ་བྲལ་དུ་ཕྱིན་པར་བརྟེན། སྐབས་དེ་དུས་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཆེན་པོ་བྱུང་ནས་མི་ལོ་༧༧ རྗེས་ཀྱི་ད་ལྟ་ཡང་ས་ཁུལ་དེ་དག་ལ་དཀའ་ངལ་འཕྲད་བཞིན་ཡོད་འདུག 

ཕྱི་ཚེས་༡༥ ཉིན་རྒྱ་གར་གྱི་( Wion ) གསར་ཁང་གིས་གནས་ཚུལ་སྤེལ་ཚུལ་ལྟར་ན། ཕྱི་ལོ་༡༩༤༧ ཟླ་བ་༨ ཚེས་༡༥ ཉིན་ནི་རྒྱ་གར་དབྱིན་ཇིའི་དབང་སྒྱུར་འོག་ནས་མི་ལོ་༢༠༠ ཙམ་བསྡད་རྗེས་རང་བཙན་ཐོབ་པའི་ཉིན་མོ་ཁྱད་པར་ཅན་ཞིག་ཡིན་པ་དང་། ཉིན་མོ་དེའི་ཆེད་རྒྱ་གར་གྱི་དཔའ་བོ་མང་པོས་ཚེ་སྲོག་དུ་མ་འགྲོ་གྲོན་བཏང་ནས་དབྱིན་ཇིའི་བཙན་གནོན་དང་སྡུག་རྩུབ་ཀྱི་དབང་འོག་ནས་མི་ལོ་དུ་མ་འདས་ཡོད་ཅིང་། རང་དབང་འཐབ་རྩོད་པ་མང་པོས་ཞི་དྲག་གཉིས་ཀྱི་ཐོག་ནས་རང་དབང་རྩོད་ལེན་བྱས་ནས་མཐར་རང་བཙན་ཐོབ་ཡོད་ཀྱང་། རྒྱ་གར་རང་བཙན་ཐོབ་པའི་ལོར། རྒྱ་གར་མི་མང་གི་ལོ་རྒྱུས་ནང་བརྗེད་ཐབས་མེད་པའི་མི་གསོད་ཁྲག་སྦྱོར་རྒྱ་ཆེན་བྱས་པའི་དུས་ཀྱི་རྨ་ཁར་གྱུར་པའི་ལོ་ནག་ཞིག་ཀྱང་ཡིན་འདུག ཁྱད་པར་དུ་རྒྱ་གར་གྱི་ནུབ་ཤར་ཁུལ་དུ་ཡོད་པའི་པན་ཇབ་ལྟ་བུ་མཚོན་ན། ཕྱི་ལོ་༡༩༤༧ ལོར་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཁ་བྲལ་ཕྱིན་པའི་སྐབས་སུ་པན་ཇབ་མངའ་སྡེ་ས་ཐིག་དབང་གིས་དུམ་བུ་གཉིས་སུ་གྱུར་ནས་ཕྱོགས་གཅིག་པ་ཀི་སི་ཐན་དུ་ཕྱིན་པ་དང་། ཕྱོགས་གཞན་དེ་རྒྱ་གར་ནང་ལུས་པའི་རྐྱེན་གྱིས་ས་ཁུལ་དེ་དག་ནང་ཡོད་པའི་ཡུལ་མི་རྣམས། འགའ་ཤས་པ་ཀི་སི་ཐན་དུ་འགྲོ་དགོས་བྱུང་བ་དང་། ཡང་འགའ་ཤས་རྒྱ་གར་ནང་ལྷག་པར་བརྟེན། ཡུལ་མི་རྣམས་ལོ་ངོ་བརྒྱ་ཕྲག་མང་པོ་ནས་བདག་སྐྱོང་བྱས་པའི་རང་ས་རང་ཡུལ་བཞག་ནས་འགྲོ་དགོས་བྱུང་དུས་ལུས་སེམས་གཉིས་ཀྱིས་བཟོད་མ་ཐུབ་པའི་དཀའ་ངལ་མང་པོ་འཕྲད་ཡོད་འདུག་ལ། དམིགས་བསལ་པན་ཇབ་མངའ་སྡེའི་ནང་ཕྱི་ལོ་༡༩༤༧ སྔོན་ལ་ཁ་ཆེའི་ཆོས་ལུགས་དང་། ཡི་ཤུ། སིག་ཀི་སོགས་ཆོས་ལུགས་འདྲ་མིན་དང་། རིག་གཞུང་འདྲ་མིན། ཡུལ་ལུགས་དང་གཤིས་ཀ་འདྲ་མིན་ཡོད་པའི་སྤྱི་ཚོགས་ཤིག་ཡིན་པ་དང་།  ཡུལ་མི་ཕན་ཚུན་བར་འཁྱམ་མཐུན་ཡོད་ཀྱང་། རྒྱ་གར་རྒྱལ་ཡོངས་ཀྱི་ཆབ་སྲིད་འཕོ་འགྱུར་དབང་གིས་པན་ཇབ་ས་ཁུལ་དེ་དུམ་བུ་གཉིས་ལ་ཕྱིན་པ་མ་ཟད། ས་ཁུལ་དེའི་ནང་ཕྱི་ལོ་༡༩༤༧ ལོར་ཧིན་དྷུ་དང་ཁ་ཆེའི་བར་འཁྲུག་འཛིང་བྱུང་ནས་མི་ཚོ་ས་ཡ་མང་པོ་སྡེབས་གསོད་བྱས་ནས་ལོ་རྒྱུས་ནང་བརྗེད་མི་ཐུབ་པའི་དུས་ངན་ཞིག་བྱུང་། དེ་ནས་པན་ཇབ་དེ་དུམ་བུ་གཉིས་ལ་ཕྱིན་ནས་(Charhda Punjab)ཟེར་བ་དེ་རྒྱ་གར་ནང་ཚུད་ཡོད་པ་དང་། (Lehnda Punjab)ཟེར་བ་དེ་པ་ཀི་སི་ཐན་ནང་ཤོར། ཕྱི་ལོ་༡༩༤༧ ལོ་ནས་རྒྱ་གར་རྒྱལ་ཁབ་ཆེན་པོ་དེ་ལས་རང་བཙན་རྒྱལ་ཁབ་པ་ཀི་སི་ཐན་དང་རྒྱ་གར་རྒྱལ་ཁབ་བཅས་གཉིས་བྱུང་། མི་མང་ས་ཡ་མང་པོ་ཕན་ཚུན་གནས་སྤོར་དགོས་བྱུང་བ་དང་། མི་མང་ཁྲི་ཚོ་མང་པོ་ཁ་ཆེའི་ཆོས་ལུགས་དང་ཧིན་དྷུའི་ཆོས་ལུགས་བར་འགལ་ཟླ་བྱུང་བའི་རྐྱེན་གྱིས་འཁྲུག་འཛིང་ཁྲོད་ཤི་རྨས་བྱུང་། མི་མང་སྟོང་ཚོ་མང་པོ་ཕ་མ་དང་བུ་ཕྲུག་བར་ཁ་བྲལ་ཕྱིན་པ་དང་། སྤུན་མཆེད་དང་སྤུན་མཆེད་བར་ཁ་བྲལ་བ། དེ་བཞིན་ཡུལ་མི་དང་ཡུལ་མིའི་བར་ཁ་བྲལ་ཕྱིན་པའི་ལོ་རྒྱུས་ཧ་ཅང་མང་། 

སྐབས་དེ་དུས་ཀྱི་དོན་རྐྱེན་ཁྲོད་ཁ་བྲལ་དུ་ཕྱིན་པའི་མིང་སྲིང་གཉིས་ཉེ་ཆར་མི་ལོ་༧༤ རྗེས་སུ་ཐུག་འཕྲད་བྱུང་བའི་སེམས་སྐྱོ་དགོས་པའི་དངོས་བྱུང་ལོ་རྒྱུས་ཤིག་འདུག་པ་སྟེ། ཉེ་ཆར་པ་ཀི་སི་ཐན་ནང་ཡོད་པའི་བུད་མེད་རང་ལོ་༧༤ ཡིན་པའི་(Sakina Bi)་ཟེར་བའི་བུད་མེད་དེའི་གཅེན་པོ་རྒྱ་གར་དུ་ཡོད་པ་(Gurmail Singh Grewal)དང་གཉིས་ཁ་བྲལ་ནས་ལོ་ངོ་༧༤ རྗེས་སུ་ཐུག་འཕྲད་བྱུང་ཡོད་པ་དང་། ཁོང་གཉིས་ཕྱི་ལོ་༡༩༤༧ ལོར་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཁ་བྲལ་དུས་ཁོང་གཉིས་ཀྱང་ཁ་ཁར་ཕྱིན་ཡོད་འདུག ཕྱི་ལོ་༢༠༡༦ ལོར་པ་ཀི་སི་ཐན་གྱི་མི་ཡིན་པའི་(Nasir Dhillon)ཟེར་བ་ཞིག་གིས་ཁྱོད་བརྙན་(youtube)ནང་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱི་ཕྱོགས་སོ་སོའི་ས་མཚམས་མི་མང་རྣམས་ཀྱི་རང་གི་སྐྱེས་ཡུལ་དང་། ཡུལ་མི། དེ་བཞིན་རང་གི་ཕ་མ་སྤུན་མཆེད་རྣམས་ཕན་ཚུན་ངོ་འཕྲད་ཐབས་སུ་བརྙན་བཟོ་འགོ་བཙུགས་ནས། མི་མང་མང་པོ་ཞིག་གིས་ཡུན་རིང་ནས་རེ་སྒུག་བྱས་པའི་མངོན་འདོད་སྐོང་ཐབས་བྱེད་ཀྱི་ཡོད་འདུག 

འདི་ལོ་ཕྱི་ཟླ་༣ པའི་ནང་སིག་ཀི་(Sikh)བུ་སྤུན་(Gurdev Singh) དང་(Daya Singh)་ཟེར་བ་གཉིས་ཕྱི་ལོ་༡༩༤༧ ལོར་ཁ་བྲལ་དུ་ཕྱིན་པའི་རྐྱེན་གྱིས་ཉེ་ཆར་ལོ་དུ་མའི་རྗེས་སུ་པ་ཀི་སི་ཐན་ནང་ཡོད་པའི་(Kartarpur Corridor )ཟེར་བའི་པ་ཀི་སི་ཐན་གྱི་པན་ཇབ་ནང་ཐུག་འཕྲད་བྱུང་ཡོད་འདུག་ལ། སྐབས་དེ་དུས་ཁོང་གཉིས་ཕན་ཚུན་མེ་ཏོག་སྤྲད་ནས་ངུས་པ་དང་། སྔར་གྱི་ལོ་རྒྱུས་གླེང་སློང་བྱས་ནས་དགའ་སྐྱོ་ཟུང་འབྲེལ་གྱི་དུས་ཤིག་བྱུང་འདུག་པ་དང་།འདི་དང་འདི་འདྲ་བ་ཡུལ་མི་དང་ཕ་མ་བུ་ཕྲུག་སོགས་ཁ་བྲལ་ཕྱིན་པའི་དངོས་བྱུང་གི་ལོ་རྒྱུས་སེམས་སྐྱོ་དགོས་པ་མང་པོ་ཞིག་བྱུང་ཡོད་འདུག ཁོང་ཚོ་ཁ་བྲལ་ཕྱིན་པ་དེ་དཔལ་འབྱོར་གཅིག་པུའི་གྱོང་གུད་མ་ཡིན་པར། ལོ་བརྒྱ་ཕྲག་མང་པོ་རིང་རང་གི་ཕ་མེས་ཡང་མེས་ནས་བརྒྱུད་དེ་གནས་སྡོད་བྱེད་ཡུལ་གྱི་ཕ་ས་ཕ་ཡུལ་དང་ཁ་བྲལ་ཏེ་ཧ་ཅང་གིས་བཟོད་དཀའ་བའི་ན་ཟུག་ཆེན་པོ་ཡོད་འདུག 

མདོར་ན་དེ་རིང་རྒྱ་གར་རང་བཙན་ཉིན་མོ་དེ་རྒྱ་གར་བ་སྤྱི་ཡོངས་ལ་དགའ་དགོས་པའི་ཉིན་མོ་ཞིག་ཡིན་ཡང་། དེ་རིང་གི་ཉིན་མོ་དེ་པ་ཀི་སི་ཐན་ནང་ཡོད་པའི་མི་མང་པོ་ཞིག་དང་། རྒྱ་གར་ནང་ཡོད་པའི་མི་མང་པོ་ཞིག་ལ་མཚོན་ན་བརྗེད་མི་ཐུབ་པའི་དུས་ཀྱི་རྨ་ཁ་ཞིག་ཀྱང་ཡིན་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།