རྒྱ་དཀར་ནག་བར་གྱི་འབྲེལ་བ་ཛ་དྲག་ཏུ་དང་རྒྱ་གར་དང་ཐའེ་ཝན་བར་གྱི་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་འདུག

ཟླ་འདིའི་ཚེས་༥ ཉིན་(South China Morning Post) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟའི་ཆར་རྒྱ་དཀར་ནག་བར་གྱི་འབྲེལ་ལམ་ཛ་དྲག་ཏུ་དང་། རྒྱ་གར་དང་ཐའེ་ཝན་བར་གྱི་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག

པར། South China Morning Post

ཕྱི་ལོ་༢༠༡༦ ལོར་ཐའེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚའེ་དབྱིན་ཝན་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཡོད་པ་དང་། སྲིད་འཛིན་དམ་འབུལ་སྐབས་རྒྱ་གར་མོ་དྷིས་སྲིད་གཞུང་གིས་སྐུ་ཚབ་འཐུས་མི་བཏང་མེད་པ་དང་། དེ་ཡང་རྒྱུ་མཚན་གཙོ་བོ་རྒྱ་ནག་ལ་ཐུག་ཡོད་པ་རེད་འདུག

དུས་དེ་ནས་ལོ་ངོ་བཞིའི་རྗེས། ལྕམ་ཚའེ་ལ་སླར་ཡང་འོས་བསྡུའི་ལམ་ནས་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་རྗེས། རྒྱ་གར་གྱིས་ཐའེ་ཝན་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་ལྡོག་ཕྱིན་ཞིང་། ཐའེ་ཝན་གྱི་སྲིད་འཛིན་གྱི་དམ་འབུལ་གྱི་མཛད་སྒོའི་ཐོག་རྒྱ་གར་གཞུང་གིས་སྐུ་ཚབ་འཐུས་མི་གཉིས་མཉམ་ཞུགས་བྱེད་བཅུག་ཡོད་འདུག  དུས་དེར་རྒྱ་ནད་བཅུ་དགུ་པ་དེ་ཉིད་འཛམ་གླིང་གང་སར་ཁྱབ་བཞིན་ཡོད་པར་བརྟེན། སྲིད་འཛིན་གྱི་དམ་འབུལ་མཛད་སྒོ་དེ་བརྙན་ལམ་བརྒྱུད་ནས་ཚོགས་ཡོད་འདུག

སྐུ་ཚབ་མི་སྣ་ཚོས་ཐའེ་ཝན་གྱི་འགོ་ཁྲིད་ཚོ་ལ་འཚམས་འདྲིའི་གློག་འཕྲིན་བཏང་བས། རྒྱ་ནག་གཞུང་གིས་འཕྲལ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་གཅིག་གི་སྲིད་བྱུས་དེ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

སྲིད་འཛིན་གྱི་དམ་འབུལ་དེ་བྱས་ནས་སླར་ཡང་ལོ་ངོ་བཞི་རྫོགས་ལ་ཉེ་བ་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་སྔར་བཞིན་ཛ་དྲག་ཆེ་བ་དང་སྟབས་བསྟུན། རྒྱ་གར་གྱིས་མུ་མཐུད་ནས་ཐའེ་ཝན་དང་གཞུང་འབྲེལ་མིན་པའི་འབྲེལ་ལམ་ཐོག་ཤུགས་སྣོན་རྒྱག་བཞིན་ཡོད་འདུག

ཕྱི་ལོ་༢༠༠༡ ལོ་རྒྱ་གར་དང་ཐའེ་ཝན་བར་ཨ་སྒོར་ཐེར་འབུམ་༡ གྱི་ཚོང་འབྲེལ་བྱས་པ་ནས་ཕྱི་ལོ་༢༠༢༡ ལོར་ཕྱོགས་གཉིས་བར་གྱི་ཚོང་འབྲེལ་གྱི་དངུལ་འབོར་ཨ་སྒོར་ཐེར་འབུམ་༧ ཟིན་ཡོད་འདུག ལྷག་པར་དུ་ལོ་འདིའི་ཕྱི་ཟླ་༧ པའི་ནང་། ཐའེ་ཝན་གྱི་དཔལ་འབྱོར་དང་རིག་གཞུང་ལྟེ་གནས་གསུམ་པ་དེ་རྒྱ་གར་གྱི་གྲོང་ཁྱེར་མོམ་བྷེ་ལ་སྒོ་འབྱེད་བྱས་ཡོད་འདུག

དེ་བཞིན་ཐའེ་ཝན་དུ་རྟེན་གཞི་བྱས་པའི་(Foxconn) ཞེས་པའི་བཟོ་ཚོང་ཁང་གིས་རྒྱ་གར་དུ་ཨ་སྒོར་ཐེར་འབུམ་༡.༦ ཡི་མ་འཛུགས་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག  རྒྱ་གར་དང་ཐའེ་ཝན་བར་གྱི་མཉམ་ལས་ནི་མ་དངུལ་འཛུགས་རྒྱུ་དང་ཚོང་ལས་ཙམ་མ་ཡིན་པར། ཟླ་བ་སྔོན་མའི་ནང་། ཐའེ་ཝན་ངལ་རྩོལ་བློན་ཆེན་གྱིས་བརྗོད་གསལ་ལྟར་ན། རྒྱ་གར་གྱི་ལས་མི་མང་པོ་ཞིག་ཐའེ་ཝན་ལ་གཏོང་རྒྱུའི་ཐོག་ཕྱོགས་གཉིས་ཀྱི་བར་གྲོས་མོལ་བྱེད་བཞིན་ཡོད་འདུག་ཀྱང་། ད་ལྟའི་ཆར་རྒྱ་གར་གྱིས་ལས་མི་ག་ཚོད་གཏོང་རྒྱུའི་ཐོག་ལ་གསལ་བོ་མེད་པ་རེད་འདུག

ཕྱི་ཟླ་༡༡ ནང་། རྒྱ་གར་དང་ཐའེ་ཝན་བར་ཤེས་ཡོན་ཐོག་ལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཐའེ་ཝན་གྱི་ཤེས་ཡོན་བློན་ཆེན་གཞོན་པའི་སྣེ་ཁྲིད་འོག སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ཁག་ཅིག་ནང་གཟིགས་སྐོར་ལ་ཕྱིན་ཡོད་འདུག

ཕྱི་ཟླ་༨ པའི་ནང་། ཐའེ་ཝན་གྱི་གོ་སྒྲིག་འོག བདེ་སྲུང་གླེང་མོལ་ཞེས་པའི་ཚོགས་ཐོག་ཏུ་རྒྱ་གར་གྱི་ཆེས་མཐོའི་དམག་དཔོན་ཟུར་པ་གསུམ་ཕེབས་ཡོད་པས། ད་ལྟའི་ཆར་རྒྱ་ནག་གིས་སེམས་འཚབ་བྱེད་དགོས་པ་ཞིག་ལ། རྒྱ་གར་དང་ཐའེ་ཝན་བར་མཉམ་ལས་ནི་གཞི་རྒྱ་ཆེ་རུ་ཕྱིན་ནས་རྒྱལ་སྲུང་བར་བསླེབས་ཡོད་པའི་གནས་ཚུལ་སྤེལ་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།