རྒྱ་ནག་གཞུང་གི་ཆེས་མཐོའི་འགོ་ཁྲིད་གསར་པ་རྣམས་ཕྱིར་བསྒྲགས།

རྒྱ་ནག་དམར་ཤོག་ཆབ་སྲིད་ཅུས་ཀྱི་ཆེས་མཐོའི་རྒྱུན་ལས་གསར་པ་བདུན་གྱི་ནང་ནས། སྲིད་འཛིན་ཞི་ཅིན་ཕིན་དང་། སྲིད་བློན་ལི་ཁི་ཆིང་གཉིས་རང་འཇགས་གནས་པའི་ཐོག གཞན་ལྔ་བསྐོ་གཞག་བྱུང་ཡོད་པ་རྣམས་ནི། ལི་ཀྲན་ཧྲུའུ་དང་། ཝང་ཡཱང་། ཝང་ཧུ་ནིན། ཀྲོ་ལི་ཅི། ཧན་ཀྲིང་བཅས་ཡིན་པ་རེད།

ཟླ་འདིའི་ཕྱི་ཚེས་༢༥ ཉིན་གྱི་སྔ་དྲོར་རྒྱ་ནག་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱལ་ཕྱི་ནང་གི་གསར་འགོད་པ་རྣམས་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས། རྒྱ་ནག་དམར་ཤོག་ཆབ་སྲིད་ཅུས་ཀྱི་ཆེས་མཐོའི་རྒྱུན་ལས་གསར་པ་རྣམས་ཕྱིར་བསྒྲགས་བྱས་ཡོད་པ་དང་། དེ་དག་ལས་ཞི་ཅིན་ཕིན་ཁོ་རང་དང་། ལི་ཁེ་ཆིང་གཉིས་སྲིད་འཛིན་དང་། སྲིད་བློན་དུ་རིམ་པ་བཞིན་སྔ་མུས་སུ་རང་འཇགས་གནས་པའི་ཐོག གཞན་རྒྱུན་ལས་གསར་པ་ལྔ་བསྐོ་བཞག་བྱུང་ཡོད་པ་རྣམས་ནི། ལི་ཀྲན་ཧྲུའུ་(Li Zhanshu)དང་། ཝང་ཡཱང་(Wang Yang) ཝང་ཧུ་ནིན་(Wang Huning), ཀྲོ་ལི་ཅི་(Zhao Leji) ཧན་ཀྲིང་(Han Zheng)བཅས་ཡིན་པ་རེད།

གསར་འགོད་གསལ་བསྒྲགས་སྐབས་ཞི་ཅིན་ཕིན་གྱིས་ཆེས་མཐོའི་རྒྱུན་ལས་གསར་པ་རྣམས་ངོ་སྤྲོད་བྱས་རྗེས་“འདས་པའི་ལོ་ལྔའི་རིང་ང་ཚོས་ལས་འཆར་གཞི་རྒྱ་ཆེན་པོ་ཞིག་བསྒྲིགས་པ་ཡིན། དེ་དག་ལས་ཁག་ཅིག་ལེགས་པར་གྲུབ་ཟིན་ཡང་། གཞན་རྣམས་འགྲུབ་ཕྱིར་དུ་ད་དུང་ལས་དོན་མང་བ་བསྒྲུབ་དགོས་ཀྱི་ཡོད་”ཅེས་བརྗོད་ཡོད་པ་དང་། དེ་བཞིན་ཁོང་གིས་“ལོ་ངོ་བཅུ་ཕྲག་རིང་ལས་དོན་ཧུར་ཐག་བྱས་པ་ལ་བརྟེན་ནས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པ་ཞིག་གི་ནང་སླེབས་ཡོད་རེད་”ཅེས་བརྗོད་ཡོད་འདུག

དེ་སྔོན་རྒྱ་ནག་གི་འགྲོ་སྟངས་ལྟར་ན་སྐབས་འདིའི་ཆེས་མཐོའི་དཔོན་རིགས་གསར་པ་རྣམས་ཀྱི་ནང་དུ། སྐབས་རྗེས་མའི་ལས་འཁུར་དུས་ཡུན་ནང་རང་ལོ་༦༨ ལས་མ་བརྒལ་བའི་ལོ་ན་གཞོན་པ་ཞིག་འདེམས་སྲོལ་ཡོད་ཀྱང་། ད་ཐེངས་ཀྱི་རྒྱུན་ལས་གསར་པ་རྣམས་ཀྱི་ནང་དུ་དེ་འདྲ་གཅིག་ཀྱང་མེད་པ་དང་། ད་ཐེངས་འདས་པའི་ལུགས་སྲོལ་དེ་གཏོར་ཡོད་སྟབས་ཆབ་སྲིད་དཔྱད་བརྗོད་པ་ཚོས། དེ་ནི་སྲིད་འཛིན་ལས་འཁུར་ཐེངས་གཉིས་ཀྱི་རྗེས་སུ་ཞི་ཅིན་ཕིན་མུ་མཐུད་སྲིད་དབང་དུ་བསྡད་རྒྱུའི་རྟགས་མཚན་ཞིག་ཡིན་སྐོར་བརྗོད་བཞིན་འདུག དེ་སྔོན་ཕྱི་ལོ་༢༠༠༧ ལོར་ཞི་ཅིན་ཕིན་རྒྱ་ནག་དམར་ཤོག་གི་ཆེས་མཐོའི་རྒྱུན་ལས་ནང་ཐོག་མར་སླེབས་སྐབས་རང་ལོ་༥༤ ཡིན་པ་རེད།

ད་ཐེངས་ཀྱི་ཆེས་མཐོའི་རྒྱུན་ལས་གསར་པ་རྣམས་ཀྱི་ཁྲོད་ནས་ལོ་ན་ཆུང་ཤོས་དེ་ཀྲོ་ལི་ཅི་ཡིན་ཞིང་། ཁོང་ཕྱི་ལོ་༢༠༢༢ ལོར་འབྱུང་འགྱུར་གྱི་ཆེས་མཐོའི་རྒྱུན་ལས་གསར་འདེམས་སྐབས་སུ། རང་ལོ་༦༥ ཆགས་ཀྱི་ཡོད་པ་དང་། རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་རྣམས་ལོ་༦༨ ཟིན་རྗེས་རྒན་ཡོལ་བྱེད་དགོས་ཀྱི་ཡོད་སྟབས། སྐབས་ཕྱི་མའི་ནང་ལས་འཁུར་སྐབས་རྒན་ཡོལ་བྱ་རྒྱུའི་ལོ་ཚོད་ཐོག་སླེབས་ཀྱི་ཡོད་པ་རེད།

རྒྱ་ནག་དམར་ཤོག་གི་ལོ་ལྔ་རེའི་མཚམས་སུ་འཚོགས་བཞིན་པའི་ད་ལྟའི་ཚོགས་ཆེན་ཐེངས་༡༩ པ་དེ་ཟླ་འདིའི་ཕྱི་ཚེས་༢༤ ཉིན་མཇུག་བསྒྲིལ་རྗེས། ཕྱི་ཚེས་༢༥ ཉིན་གྱི་སྔ་དྲོར་རྒྱ་ནག་དམར་ཤོག་ཆབ་སྲིད་ཅུས་ཀྱི་ཆེས་མཐོའི་རྒྱུན་ལས་གསར་པ་རྣམས་ཕྱིར་བསྒྲགས་བྱས་པ་ཞིག་ཡིན་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།