རྒྱ་ནག་གི་ཞིང་ལས་བློན་ཆེན་ཟུར་པ་ཞིག་ལྐོག་དངུལ་བླངས་པའི་ཉེས་མིང་འོག་སྲོག་ཁྲིམས་ཕོག་འདུག


རྒྱ་ནག་ནང་འགོ་ཁྲིད་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་དང་ལྐོག་དངུལ་བླངས་པའི་ཉེས་མིང་འོག་འཛིན་བཟུང་དང་། བཙོན་འཇུག སྲོག་ཁྲིམས་སོགས་ཀྱི་ཉེས་ཆད་ཕོག་གི་ཡོད་པ་བཞིན། ཉེ་ཆར་གཟའ་ཉི་མའི་ཉིན་རྒྱ་ནག་གི་ཞིང་ལས་བློན་ཆེན་ཟུར་པ་ཞིག་ལ་ལྐོག་དངུལ་བླངས་པའི་རྐྱེན་གྱིས་སྲོག་ཁྲིམས་ཕོག་ཡོད་འདུག

པར། དཔལ་འབྱོར་དུས་བབ།

ཕྱི་ཚེས་༢༨ ཉིན་དཔལ་འབྱོར་དུས་བབ་ཀྱིས་གནས་ཚུལ་སྤེལ་དོན་ལ། ཁ་སང་གཟའ་ཉི་མའི་ཉིན་རྒྱ་ནག་གི་ཞིང་ལས་དང་གྲོང་གསེབ་ལས་དོན་བློན་ཆེན་ཟུར་པ་ཐང་རེན་ཅན་ (Tang Renjian) ཞེས་པ་དེ་འདས་པའི་ལོ་མང་རིང་ཨ་སྒོར་ས་ཡ་༣༨ ལྐོག་དངུལ་བླངས་པའི་ཉེས་མིང་འོག་ལོ་གཉིས་བཙོན་འཇུག་དང་། དེ་རྗེས་སྲོག་ཁྲིམས་གཅོད་རྒྱུ་ཡིན་འདུག བློན་ཆེན་དེ་རྒྱ་ནག་གི་ཞིང་ལས་ལྷན་ཁང་གི་དྲུང་ཆེ་ཡང་བྱས་མྱོང་ཡོད་འདུག ཉེ་ཆར་རྒྱ་ནག་གི་བྱང་ཤར་ཞིང་ཆེན་ཁྲང་ཆུན་ (Changchun) གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས། བློན་ཆེན་དེའི་ཚེ་གང་གི་ཆབ་སྲིད་ཐོབ་ཐང་འཕྲོག་རྒྱུ་དང་། ལྐོག་དངུལ་བླངས་པའི་དངུལ་ཡོངས་རྫོགས་གཞུང་བཞེས་བཏང་ནས་རྒྱལ་ཁབ་ཀྱི་བང་མཛོད་ལ་སྤྲོད་རྒྱུ་ཡིན་འདུག དེ་བཞིན་ལྐོག་དངུལ་ག་ཚོད་བླངས་ཡོད་པ་ཚང་མ་ཁ་གསབ་སྤྲོད་དགོས་ཀྱི་ཡོད་པ་ཁྲིམས་ཁང་ནས་བརྗོད་འདུག
ད་དུང་ཁྲིམས་ཁང་ནས་ཞིང་ལས་བློན་ཆེན་ཟུར་པ་དེ་ཡིས་ཕྱི་ལོ་༢༠༠༧ ནས་༢༠༢༤ བར་ཁྱོན་མི་ལོ་༡༧ རིང་གཞུང་གི་ལས་གནས་འདྲ་མིན་ཐོག་ནས་སྒེར་དོན་མང་པོ་བསྒྲུབས་ཡོད་པ་དང་། ཁྲིམས་མཐུན་མིན་པའི་ཚོང་ལས་མང་པོ་ཞིག་གཉེར་ཡོད་པ་བརྗོད་འདུག གཞུང་གི་ལས་འཆར་མང་པོ་ཞིག་གི་མིང་ཐོག་ནས་སྒེར་དོན་བསྒྲུབས་ཡོད་པ་དང་། དེ་བཞིན་གཞུང་གི་ལས་འཆར་འདྲ་མིན་དེ་དག་གཞན་ལ་སྤྲད་ནས་རང་ཉིད་ཀྱི་ཟུར་དུ་ལྐོག་དངུལ་རྒྱ་སྒོར་ས་ཡ་༢༦༨ ཙམ་ཨ་རིའི་སྒོར་མོར་བསྒྱུར་ན་ཨ་སྒོར་ས་ཡ་༣༨ ཙམ་བླངས་ཡོད་པ་ར་འཕྲོད་བྱུང་ཡོད་པར་རྒྱ་ནག་གཞུང་གི་གསར་ཁང་ཤིན་ཧྭ་ (Xinhua) ནས་གནས་ཚུལ་སྤེལ་ཡོད་འདུག
ཁྲིམས་ཐག་བཅད་རྗེས་བློན་ཆེན་དེས་དེ་སྔོན་བྱས་པའི་བྱ་སྤྱོད་ངན་པ་དེ་དག་ལ་བརྟེན་ནས་ཁོ་པ་བློ་འགྱོད་ཆེན་པོ་སྐྱེ་བཞིན་ཡོད་པ་བརྗོད་ཡོད་ཚུལ་བཀོད་འདུག ཁྲིམས་ཁང་ནས་བློན་ཆེན་དེའི་བྱ་སྤྱོད་ངན་པ་དག་ལ་བརྟེན་ནས་རྒྱལ་ཁབ་དང་མི་མང་གི་བདེ་སྡུག་དང་ཁེ་ཕན་ལ་ཧ་ཅང་གནོད་སྐྱོན་བཏང་ཡོད་པས། སྲོག་ཁྲིམས་གཅོད་རྒྱུའི་ཐག་གཅོད་བྱས་པ་རེད་ཅེས་བརྗོད་འདུག འོན་ཀྱང་། བློན་ཆེན་དེས་འདས་པའི་ཟླ་བ་འགའ་ཤས་རིང་ཞིབ་བཤེར་བྱས་པའི་བརྒྱུད་རིམ་ཁྲོད་མཉམ་ལས་ཡག་པོ་བྱས་པ་དང་། ལྐོག་དངུལ་བླངས་པ་རྣམས་གཞུང་ལ་སྤྲད་པ་སོགས་ལ་བརྟེན་ནས་ཉེས་ཆད་ཆག་ཡང་གཏོང་རྒྱུ་ཡིན་པ་བརྗོད་འདུག གྱོད་གཞི་དེ་ལོ་འདིའི་ཕྱི་ཟླ་༧ ཚེས་༢༥ ཉིན་ཁྲིམས་ཁང་ལ་སླེབས་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཕྱི་ལོ་༢༠༡༢ ནས་སྲིད་འཛིན་ཆགས་པ་ནས་བཟུང་རྒྱ་ནག་ནང་ཁྱོན་འགོ་ཁྲིད་ཆེ་ཆུང་ས་ཡ་གཅིག་ཙམ་ལྐོག་ཟ་རུལ་སུངས་དང་ལྐོག་དངུལ་བླངས་པ་སོགས་ཀྱི་གནད་དོན་ལ་བརྟེན་ནས་ཞིབ་བཤེར་དང་། བཙོན་འཇུག་སོགས་ཀྱི་ཉེས་ཆད་བཅད་ཡོད་འདུག་ཅིང་། དེ་དག་ཁྲོད་ནས་དམག་དཔོན་ཧ་ཅང་མང་པོ་ཞིག་ཀྱང་ཞིབ་བཤེར་དང་ཉེས་ཆད་ལྗིད་པོ་བཅད་ཡོད་པ་བརྗོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།