རྒྱ་ནག་གིས་ཐའེ་ཝན་དང་འབྲེལ་ནས་དབྱིན་ཡུལ་ལ་སྡིགས་བསྐུལ་བྱས་འདུག 

དབྱིན་ཡུལ་གྱི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་ཐའེ་ཝན་དུ་སྐོར་སྐྱོད་འགྲོ་བཞིན་པ་དང་བསྟུན། རྒྱ་ནག་གཞུང་གིས་གནད་དོན་དེར་སྐྱོན་བརྗོད་དང་སྡིགས་ར་བསྐུལ་འདུག 

ཟླ་༡༢ པའི་ཚེས་༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དབྱིན་ཡུལ་དེ་ཉིད་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱས་ཟིན་པ་དང་བསྟུན། རྒྱ་གར་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་རྒྱལ་ཁབ་ཁག་དང་ཕྱི་སྲིད་འབྲེལ་ལམ་འགྱུར་བ་གང་འདྲ་ཕྱིན་ཡོད་མེད་ཐད་ཉམས་ཞིབ་ལས་དོན་དང་འབྲེལ་ནས། དབྱིན་ཡུལ་གྱི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་ཐའེ་ཝན་དུ་ཉིན་ལྔའི་རིང་སྐོར་སྐྱོད་སླེབས་ཡོད་པ་རེད་འདུག ཚོགས་ཆུང་གི་ཚོགས་གཙོ་ལྕམ་ཨཱེ་ལི་ཤི་ཡ་ཀཱེ་རན་གྱིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་དང་དབྱིན་ཡུལ་བར་གྱི་འབྲེལ་ལམ་ནུས་སྟོབས་ནི། དབྱིན་ཡུལ་གྱིས་ཤིན་ཏུ་གལ་ཆེན་བརྩི་ཡི་ཡོད་པ་དང་། མངའ་ཁུལ་དེའི་ནང་དུ་ཐའེ་ཝན་གྱི་ལྟ་ཚུལ་ནི་དམིགས་བསལ་བ་དང་རིན་ཐང་བྲལ་བ་ཞིག་ཡིན་སྐོར་བརྗོད་འདུག 

ཚོགས་ཆུང་ནང་དུ་གཞུང་འཛིན་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། ཕྱོགས་འགལ་ངལ་རྩོལ་ཚོགས་པ་དང་སཱེ་ཁོ་ཊ་ལན་ཌའི་རྒྱལ་ཞེན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཡོད་པ་རེད་འདུག 

རྒྱ་ནག་གཞུང་གིས་དབྱིན་ཡུལ་གྱིས་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་བྱས་ཏེ། རྒྱ་ནག་གཅིག་གི་སྲིད་བྱུས་ལ་བརྩི་བཀུར་བྱེད་དགོས་པ། རྒྱ་ནག་གི་ཁེ་ཕན་ལ་རྩིས་མེད་གཏོང་བའི་བྱ་སྤྱོད་དེ་རིགས་ལ་རྒོལ་ལན་དྲག་པོ་བསློགས་རྒྱུ་ཡིན་སྐོར་གྱི་སྡིགས་བསྐུལ་བྱས་ཏེ། དབྱིན་ཡུལ་གྱི་གྲོས་ཚོགས་ཀྱི་ཚོགས་ཆུང་གི་སྐོར་སྐྱོད་དེ་ལ་བརྟེན་ནས། ཐའེ་ཝན་གྱི་རང་བཙན་འདོད་མཁན་རྣམས་ལ་བརྡ་ལན་ནོར་བ་འགྲོ་སྲིད་སྐོར་བརྗོད་འདུག 

རྒྱ་ནག་གི་སྐྱོན་བརྗོད་དང་འབྲེལ་ནས་དབྱིན་ཡུལ་གྱི་གྲོས་ཚོགས་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ལྕམ་ཨཱེ་ལི་ཤི་ཡ་ཀཱེ་རན་གྱིས། མང་གཙོ་གཉིས་བར་གྲོས་མོལ་བྱེད་པ་དེ་ནི་ཚུལ་མཐུན་ཡིན་པ་དང་། རྒྱ་ནག་གཞུང་གིས་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མིར་དཔལ་འབྱོར་ཉེས་ཆད་བཏང་ནས་གྲོས་མོལ་གྱི་སྒོ་བརྒྱབ་ཡོད་པ། དབྱིན་ཡུལ་གྱིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་དང་འབྲེལ་ལམ་བྱེད་པ་དེ་ནི་གལ་ཆེན་པོ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་འདུག 

ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚཡེ་དབྱིན་ཝན་གྱིས། ཐའེ་ཝན་གྱིས་མུ་མཐུད་ནས་དབྱིན་ཡུལ་དང་མཛའ་འབྲེལ་དང་མཉམ་ལས་འབྲེལ་ལམ་གཏིང་ཟབ་ཏུ་གཏོང་འདོད་ཡོད་པ་དང་། རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཞི་བདེ་དང་བརྟན་ལྷིང། ཡར་རྒྱས་གོང་འཕེལ་ཆེད་དུ་མུ་མཐུད་ནས་མཉམ་ལས་བྱེད་འདོད་ཡོད་སྐོར་བརྗོད་འདུག ཚེས་༢ ཉིན་ཚོགས་ཆུང་གི་ཚོགས་མི་རྣམས་སྲིད་འཛིན་ཚཡེ་དབྱིང་ཝན་དང་ཐུག་འཕྲད་གནང་རྒྱུའི་ལས་རིམ་ཡང་ཡོད་པ་རེད་འདུག 

ཕྱི་ལོ་༢༠༢༡ ལོའི་ཟླ་༣ པའི་ནང་རྒྱ་ནག་གཞུང་གིས་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་ཚུད་པའི་དབྱིན་ཡུལ་གྱི་ཡུལ་མི་༩ ལ་དཔལ་འབྱོར་གྱི་ཉེས་ཆད་བཏང་ཡོད་པ་དང་། དེ་ཡང་རྒྱ་ནག་གཞུང་གིས་མི་སྣ་༩ པོའི་ཐོག་ལ་ཡུ་གུར་བའི་དཀའ་སྡུག་དང་འབྲེལ་ནས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བཏང་ཡོད་པའི་ཉེས་འཛུགས་བྱས་འདུག 

ཉེ་ཆར་དབྱིན་ཡུལ་གྱི་སྲིད་བློན་རཱི་ཤི་སུ་ནག་གིས་དབྱིན་ཡུལ་དང་རྒྱ་ནག་བར་གྱི་འབྲེལ་ལམ་བཟང་བའི་དུས་ཡུན་དེ་ཡོལ་ཟིན་པ་དང་། ད་ལྟའི་ཆར་རྒྱ་ནག་གིས་དབྱིན་ཡུལ་གྱི་ཁེ་ཕན་དང་རིན་ཐང་གི་ལྟ་བར་ཁ་གཏད་གཅོག་བཞིན་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:

Leave a Reply