རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་ཚེ་ཐའེ་ཝན་བ་མང་ཆེ་བས་གདོང་ལེན་དང་ཕར་རྒོལ་བྱ་རྒྱུ་ཡིན་པར་བརྗོད།
ཟླ་འདིའི་ཚེས་༡༤ ་ཉིན་(Firstpost) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་ཐའེ་ཝན་གྱི་ཕྱོགས་ཡོངས་སུ་དམག་སྦྱོང་ཐེངས་བཞི་པ་དེ་བྱས་ཡོད་པ་དང་། ཉེ་ཆར་ཞིབ་འཇུག་ལྟེ་གནས་ཁང་ཞིག་གིས་རྒྱ་ནག་གིས་མ་འོངས་ལོ་ལྔའི་ནང་ཐའེ་ཝན་ལ་བཙན་འཛུལ་བྱེད་སྲིད་མིན་སོགས་ཀྱི་ཐོག་ལ་བསམ་ཤོག་བསྡུ་རུབ་བྱས་པའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པའི་ནང་། ཐའེ་ཝན་བ་ཚོས་རྒྱ་ནག་ནི་ཉེན་ཁ་ཞིག་ལ་ངོས་འཛིན་དང་། གལ་སྲིད་རྒྱ་གཞུང་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་ཚེ། ཐའེ་ཝན་བ་མང་ཆེ་བས་གདོང་ལེན་དང་ཕར་རྒོལ་བྱེད་རྒྱུ་ཡིན་པ་བསྟན་ཡོད་པ་སོགས་ཀྱི་གནས་ཚུལ་བཀོད་འདུག
ཟླ་འདིའི་ཚེས་༩ ་ཉིན་ཐའེ་ཝན་གྱི་རྒྱལ་སྲུང་དང་བདེ་འཇགས་ཞིབ་འཇུག་ཁང་གིས་ཟླ་བ་སྔོན་མའི་ནང་མི་གྲངས་༡༢༠༠ ་ཙམ་གྱི་བསམ་ཚུལ་བསྡུ་རུབ་བྱས་པའི་གྲུབ་འབྲས་ཕྱིར་བསྒྲུགས་བྱས་ཡོད་པའི་ནང་། མི་གྲངས་བརྒྱ་ཆ་༦༡% ་ཡིས་ལོ་ལྔའི་ནང་ཚུད་དུ་རྒྱ་ནག་གིས་ཐའེ་ཝན་ལ་རྒོལ་རྡུང་(attack) ་བྱེད་རྒྱུ་ནི་ཧ་ལམ་མི་སྲིད་པ་ཡིད་ཆེས་བྱས་ཡོད་ན་ཡང་། རྒྱ་ནག་ནི་ཐའེ་ཝན་ལ་ཉེན་ཁ་ཆེན་པོ་ཡིན་པར་ངོས་འཛིན་བྱས་ཡོད་འདུག
རྒྱ་ནག་གིས་ཐའེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། འདས་པའི་མི་ལོ་ལྔ་ཙམ་གྱི་རིང། རྒྱ་ནག་གི་དམག་དཔུང་གིས་ཐའེ་ཝན་གྱི་ཉེ་འཁོར་དུ་དམག་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། རྒྱ་གཞུང་གིས་ཐའེ་ཝན་དབང་བསྒྱུར་བྱེད་པར་དྲག་པོའི་ཐབས་ལམ་བེད་སྤྱོད་བྱ་སྲིད་པའི་རྣམ་འགྱུར་ལ་འགྱུར་བ་ཕྱིན་མེད་པ་དང་། ཐའེ་ཝན་གྱིས་རྒྱ་གཞུང་གི་དམག་སྦྱོང་ལ་ངོ་རྒོལ་ཤུགས་ཆེན་བྱས་དང་བྱེད་བཞིན་ཡོད་འདུག
རྒྱལ་སྲུང་དང་བདེ་འཇགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཁེ་རི་སི་ཊི་ན་ཆེན་གྱིས་ཐའེ་ཝན་བ་ཚོས་རྒྱ་ནག་གི་དྲིལ་བསྒྲགས་དང་དམག་སྦྱོང་ལ་སེམས་འཚབ་བྱེད་ཀྱི་ཡོད་པ་མ་ཟད། མི་མང་ཆེ་བས་རྒྱ་ནག་གི་ས་ཁོངས་རྒྱ་བསྐྱེད་དམ། ཐའེ་ཝན་གྱི་ས་ཆ་དབང་བསྒྱུར་བྱེད་འདོད་པ་ནི་ཉེན་ཁ་ཚབས་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པར་བརྗོད་འདུག
ན་ནིང་ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་ཅིག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཕྱི་ལོ་༢༠༢༧ ལོར་ཐའེ་ཝན་ལ་བཙན་འཛུལ་བྱེད་རྒྱུའི་གྲ་སྒྲིག་བྱེད་དགོས་པ་དམག་དཔུང་ལ་བཀའ་བཏང་ཡོད་པ་བརྗོད་ཡོད་པས། ཐེངས་འདིའི་བསམ་ཤོག་བསྡུ་རུབ་ཀྱི་གྲུབ་འབྲས་དང་ན་ནིང་ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་ཅིག་གི་སྐད་ཆ་གཉིས་འགལ་བར་གྱུར་འདུག ཞིབ་འཇུག་ཁང་གིས་ཐའེ་ཝན་མི་མང་གིས་ཉེན་ཁ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། དམག་འཁྲུག་མགྱོགས་པོ་ཡོང་རྒྱུའི་ཉེན་ཁ་མེད་པར་ཞི་འཇམ་དང་རྒྱུ་མཚན་ལྡན་པའི་སྒོ་ནས་གནས་ཡོད་པར་བརྗོད་འདུག
གཞན་ཡང་བསམ་ཤོག་བསྡུ་རུབ་ཀྱི་ཁྲོད། མི་གྲངས་བརྒྱ་ཆ་༦༧% ་ལྷག་གིས་གལ་ཏེ་རྒྱ་ནག་གིས་རྒོལ་རྡུང་ངམ་བཙན་འཛུལ་བྱས་ན་ཁོང་ཚོས་ཡ་ལན་སྤྲོད་རྒྱུ་ཡིན་པར་བརྗོད་པ་དང་། ཡང་བསམ་ཤོག་བསྡུ་རུབ་ནང་མཉམ་ཞུགས་བྱེད་མཁན་ཕྱེད་ཀ་ཙམ་གྱིས་ཐའེ་ཝན་གྱི་དམག་དཔུང་ལ་ཐའེ་ཝན་སྲུང་སྐྱོབ་བྱེད་པའི་ནུས་པ་མེད་པ་ཡིད་ཆེས་བྱེད་ཀྱི་ཡོད་པར་བསྟན་འདུག དེ་བཞིན་བརྒྱ་ཆ་༧༤% ཙམ་གྱིས་ཨ་རིའི་གཞུང་གིས་ཐའེ་ཝན་ལ་འབྲུ་རིགས་དང་སྨན་རྫས། མཚོན་ཆ་བཅས་མཁོ་སྤྲོད་ཀྱི་རོགས་རམ་བྱེད་སྲིད་པར་ཡིད་ཆེས་བྱས་ན་ཡང་། ཨ་རིའི་དམག་དཔུང་གིས་དངོས་སུ་དམག་འཁྲུག་ལ་ཐེ་གཏོགས་བྱེད་སྲིད་པ་ཡིད་ཆེས་བྱེད་མཁན་བརྒྱ་ཆ་༥༢% ་མ་གཏོགས་བྱུང་མེད་པ་རེད་འདུག
གཞན་ཡང་། བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གིས་དམག་གི་གནམ་གྲུ་༢༥་དང་གྲུ་གཟེངས་༡༡་ཙམ་ཐའེ་ཝན་གྱི་མཐའ་འཁོར་དུ་བཏང་ནས་དམག་སྦྱོང་གཞི་རྒྱ་ཆེ་བ་ཞིག་བྱས་ཡོད་པ་དང་། དམག་སྦྱོང་དེ་ནི་འདས་པའི་ལོ་ངོ་གཉིས་ཀྱི་རིང་། དམག་སྦྱོང་དེ་འདྲ་བྱས་པ་ཐེངས་བཞི་པ་དེ་ཆགས་ཡོད་པ་དང་། ལོ་འདིའི་ཕྱི་ཟླ་ལྔ་པའི་ནང་། ཐའེ་ཝན་གྱི་སྲིད་འཛིན་གསར་པས་དམ་འབུལ་བྱེད་སྐབས། རྒྱ་གཞུང་གིས་ཁོང་ནི་ཉེན་ཚབས་ཅན་གྱི་ཁ་ཕྲལ་རིང་ལུགས་པ་ཞིག་རེད་ཅེས་བརྗོད་ནས་ཐའེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་ཉིན་གསུམ་ཙམ་རིང་བྱས་ཡོད་པ་མ་ཟད། ཕྱི་ལོ་༢༠༢༢ ལོ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ནན་སི་པེ་ལོ་སི་ཐའེ་ཝན་ལ་ཕེབས་སྐབས། རྒྱ་ནག་གིས་ཐའེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་བདུན་ཕྲག་གཅིག་ཙམ་བྱས་ཡོད་འདུག ཕྱི་ལོ་༢༠༡༦ ལོ་ཚེ་དབྱིན་ཝན་ཐའེ་ཝན་གྱི་སྲིད་འཛིན་དུ་འདེམས་ཐོན་བྱུང་བ་ནས་བཟུང་། རྒྱ་ནག་དང་ཐའེ་ཝན་བར་གྱི་འབྲེལ་ལམ་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་འདུག།
གསར་འགོད་པ།བློ་བཟང་རྒྱ་མཚོ།