རྒྱ་ནག་ཏུ་ཆུ་ལོག་གི་འཇིགས་པ་ཚབས་ཆེན་བྱུང་སྟེ་མི་མང་ས་ཡ་༣༨ ལྷག་ལ་གནོད་འཚེ་ཕོག
རྒྱ་ནག་ཏུ་ཆུ་ལོག་ཚབས་ཆེན་བྱུང་ནས་མི་མང་ས་ཡ་༣༨ ལྷག་ལ་གནོན་འཚེ་ཐེབས་པ་དང་། མི་༡༤༡ ཤི་གསོན་གནས་སྟངས་ཆ་མེད་དུ་གྱུར་འདུག
ཟླ་འདིའི་ཚེས་༡༣ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་སྔོན་མ་ནས་རྒྱ་ནག་ཏུ་ཆར་པ་ཤུགས་ཆེན་འབབ་འགོ་ཚུགས་ཏེ་གཙང་བོ་དང་རྒྱུག་ཆུ་རྣམས་རྒྱ་ཆེར་རྒྱས་པར་བརྟེན། ཆུ་ལོག་ཚབས་ཆེན་བྱུང་ནས་དུད་ཁྱིམ་༢༨,༠༠༠ ཙམ་ཆུས་ཁྱེར་ཞིང་མི་༡༤༡ གར་སོང་ཆ་མེད་གྱུར་ཡོད་འདུག
རྒྱ་ནག་གི་ཆུ་ལོག་དང་ཐན་པའི་འཇིགས་སྐྱོབ་ལས་ཁུངས་ནས་ཚེས་༡༢ རེས་གཟའ་ཉི་མའི་ཉིན་སྤེལ་བའི་གནས་ཚུལ་ནང་། “ཇན་ཤིན་ཞིང་ཆེན་(Jiangxi)དང་། ཧུའུ་པེ་ཞིང་ཆེན།(Hubei) ཧུའུ་ནན་ཞིང་ཆེན་(Hunan)བཅས་འདུས་པའི་ས་ཁུལ་༢༧ ནང་ཆུ་ལོག་བྱུང་བའི་མཇུག་འབྲས་སུ་མི་མང་ས་ཡ་༣༧. ༩ ལ་གནོད་འཚེ་ཐེབས་པ་དང་། མི་༡༤༡ ཤི་བའམ་གར་སོང་ཆ་མེད་དུ་གྱུར་བ་མ་ཟད། མི་མང་ས་ཡ་༢. ༢༥ མྱུར་སྐྱོབ་གནས་སྤོ་བྱས་”ཞེས་འཁོད་ཡོད་འདུག
ཉེ་བའི་བདུན་ཕྲག་འགའི་རིང་རྒྱ་ནག་ཏུ་དྲག་ཆར་རྒྱུན་ཆད་མེད་པར་འབབ་བཞིན་པར་བརྟེན། ཨེ་ཤ་ཡའི་ཆུ་བོ་རིང་ཤོས་ཏེ་འབྲི་ཆུས་མཚོན་པའི་ཆུ་བོ་དང་གཙང་པོ་རྣམས་རབ་ཏུ་རྒྱས་ནས་ཆུ་ལོག་གི་འཇིགས་པ་ཚབས་ཆེན་བྱུང་དང་འབྱུང་མུས་ཡོད་པས། གཞུང་གིས་ཆུ་ལོག་གི་ཉེན་བརྡ་དང་མྱུར་སྐྱོབ་ལས་འགུལ་གྱི་རིམ་པ་དེ་གསུམ་པ་ནས་གཉིས་པར་སྤར་ནས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་འདུག
འདི་ལོའི་ཆུ་ལོག་གིས་བསླངས་པའི་དཔལ་འབྱོར་གྱི་གྱོང་གུན་དེ་རྒྱ་སྒོར་ཐེར་འབུམ་༨༢.༢ (ཨ་སྒོར་ཐེར་འབུམ་ ༡༡. ༧) ཙམ་ཡིན་པའི་ཚོད་དཔག་བྱས་འདུག་ཅིང་། དེ་ནི་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ལ་བརྟེན་ནས་ཉམས་གུད་ཚད་མེད་ཐེབས་ཟིན་པའི་རྒྱ་ནག་གི་དཔལ་འབྱོར་ལ་བཟོད་པར་དཀའ་བའི་གནོན་ཤུགས་འཕར་མ་ཞིག་ཆགས་ཡོད་འདུག
འབྲེལ་ཡོད་མི་སྣ་ཚོས་བདུན་ཕྲག་འདིའི་ནང་རྒྱ་ནག་ཏུ་ཆར་པ་མུ་མཐུད་བབ་ནས་ཆར་ཆུའི་རིམ་པ་སྔར་བས་རྒྱས་ངེས་པའི་ཚོད་དཔག་བྱས་འདུག་པ་དང་། ཞི་ཅིན་ཕིང་གིས་མི་མང་ཚོར་བདེ་འཇགས་ལ་གཟབ་ནན་བྱེད་དགོས་པའི་སྐུལ་མ་བཏང་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།